ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ།

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཕེ་རེང་ལྦོལ་ཕུ་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་གནང་འདུག
2008-07-13
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་ཕེ་རེང་ལྦོལ་ཕུ་མཆོག་གིས་བོད་དང་ཤར་ཏུར་ཀིསི་ཐན་ནང་གི་མི་མང་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་མུ་མཐུད་བྱེད་བཞིན་པ་དེར་སྐྱོན་བརྗོད་གནང་ཡོད་པ་རེད་

ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་ ཕེ་རེང་ལྦོལ་ཕུ་ མཆོག་གིས་ཨ་མི་རི་ཀའི་ལྦར་ཇི་ནི་ཡའི་མངའ་སྡེའི་བྱང་ཕྱོགས་མངའ་ཁུལ་གྱི་མི་མང་ཚོའི་འཐུས་མིའི་ངོ་བོའི་ཐོག་ནས་གྲོས་ཚོགས་ནང་སླར་ཡང་ཞུགས་གནང་རྒྱུའི་སླད་ ཁད་ཉིན་ཕྱི་ཟླ་ ༧པའི་ཚེས་ ༡༢ ཉིན་དཔལ་འབྱོར་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་སྐབས་ ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་རྒྱ་རིགས་གཙོ་བོར་གྱུར་པའི་བོད་མི་དང་ ཨེ་ཤེ་ཡའི་མི་རིགས་ཁག་ཅིག་གི་ལས་འགུལ་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད་

སྐབས་དེར་སྐུ་ཞབས་ཕེརེང་ལྦོལ་ཕུ་མཆོག་གིས་གསུང་བཤད་ཅིག་གནང་ཡོད་པ་དང་ གསུང་བཤད་ནང་ཁོང་དང་ ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་གི་ཁོང་གི་སྤྱི་འཐུས་ལས་རོགས་སྐུ་ཞབས་ ཁི་རིསི་སི་མིཐ་ རྣམ་གཉིས་ཀྱིས་ཁ་སྔོན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་གནང་བ་དང་ སྐབས་དེར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་དང་ རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མི་མཐུན་པའི་རང་དབང་ཅན་གྱི་ལྟ་གྲུབ་འཛིན་མཁན་རྒྱ་མི་ཁག་ཅིག་དང་ཐུག་འཕྲད་གནང་རྒྱུའི་འབད་བརྩོན་གནང་ཀྱང་ རྒྱ་ནག་གཞུང་གིས་བཀག་འགོག་བྱས་པའི་གནས་ཚུལ་དང་ ལྷག་པར་དུ་བོད་དང་ཤར་ཏུར་ཀིསི་ཐན་ནང་གི་མི་མང་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་མུ་མཐུད་བྱེད་བཞིན་པ་དེར་སྐྱོན་བརྗོད་གནང་ཡོད་པ་རེད་

རྒྱ་ནག་གཞུང་གིས་བོད་མི་དང་ཤར་ཏུར་ཀིསི་ཐན་གྱི་མི་མང་ཐོག་སྲིད་བྱུས་འཛིན་སྟངས་དེ་ལྟར་ཡིན་རུང་ ཨ་མི་རི་ཀའི་སྲིད་འཛིན་ཇོ་ཇེ་སྦུཤེ་མཆོག་གིས་རྒྱ་ནག་ལ་བཟོད་བསྲན་གནང་སྟེ་ ཨ་ལིམ་པིག་གི་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོར་ཕེབས་རྒྱུ་གནང་བ་སོགས་དུས་རྟག་ཏུ་ རྒྱ་ནག་གཞུང་ལ་ཐབས་མཁས་བསྟུན་མཁས་གནང་བ་ནི་ བློ་ཕམ་འོས་པའི་གནས་ཚུལ་ཞིག་ཡིན་པ་སོགས་གསུངས་ཡོད་པ་རེད་ སྐུ་ཞབས་ཕེརེང་ལྦོལ་ཕུ་མཆོག་ནི་འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་དུས་ཡུན་རིང་པོ་ནས་བཟུང་ ལྷག་བསམ་རྣམ་དག་གི་སྒོ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད་ ཕྱི་ལོ་ ༡༩༩༧ ལོར་ ཁོང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་ཡང་ སྐབས་དེར་ཁོང་གིས་སྐུ་སྒེར་གྱི་ངོ་བོའི་ཐོག་ནས་བོད་ནང་ཐོག་མར་ཕེབས་ཏེ་ བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་གཟིགས་ཞིབ་གནང་མྱོང་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།