བོད་ཀྱི་རུ་ཁག་ཀོ་ནེ་ཧྥ་རྩེད་འགྲན་ལ་ཞུགས་པར་རྒྱ་ནག་གིས་མི་འདོད་ངོ་རྒོལ།

2018-06-04
གློག་འཕྲིན།
མཆན།
Share
པར་བཀོད།
ཀོ་ནེ་ཧྥ(CONIFA)ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས། ༢༠༡༨།༥།༣༡
ཀོ་ནེ་ཧྥ(CONIFA)ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས། ༢༠༡༨།༥།༣༡
Palden Tsering/FB

ཀོ་ནེ་ཧྥ(CONIFA)ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་མཉམ་ཞུགས་ཀྱི་ཐད་རྒྱ་ནག་གིས་ངོ་རྒོལ་བྱས་འདུག
དེ་ཡང་དབྱིན་ལེན་གྱི་(The Independent )འམ་རང་དབང་གསར་ཤོག་གི་ཐོག་ཕྱི་ཟླ་ ༦ ཚེས་༣ཉིན་གནས་ཚུལ་ཐོན་པ་གཞིགས་ན། འདི་ལོའི་རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་བོད་ཀྱི་རྩེད་འགྲན་པ་ཚོར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་སྤྲད་པར་མ་ཟད། བོད་ཅེས་མིང་འཁྱེར་ནས་རྒྱལ་སྤྱིའི་ཐོག་གི་རྩེད་འགྲན་ལ་ཞུགས་པ་ཙམ་གྱིས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་བཟོ་བའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་བརྗོད་འདུག (CONIFA)རྩེད་འགྲན་ཚོགས་པའི་འགན་འཛིན་(Paul Watson)ཁོང་གིས་བརྗོད་དོན། རྒྱལ་སྤྱིའི་མཚན་སྙན་ཡོད་པའི་ཁེ་གཉེར་ལས་ཁང་འགའ་ཤས་ཀྱིས་རྩེད་འགྲན་སྦྱིན་བདག་བྱ་རྒྱུ་ཐོག་མར་ཁས་ལེན་བྱས་ཀྱང་མཐར་(Paddy Power)ཞེས་པའི་རྩེད་མོའི་སྦྱིན་བདག་གཅིག་མ་གཏོགས་གཞན་ཚོ་ཕྱིར་འཐེན་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
རྒྱ་ནག་གིས་བོད་ཀྱི་རྩེད་འགྲན་པ་ཚོ་ཕྱིར་འབུད་དགོས་འདུན་བཏོན་ཡང་རྩེད་འགྲན་གོ་སྒྲིག་པ་ཚོས་ཉན་འཇོག་བྱས་མེད་པ་རེད།  དབྱིན་ཇིའི་རང་དབང་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྩེད་འགྲན་འདི་ལྟ་བུ་ཞིག་ལ་སྦྱིན་བདག་བྱེད་ཚེ་རྒྱ་ནག་ལ་ཕོག་ཐུག་འགྲོ་དོགས་ཀྱིས་མི་ཚོ་སྐྲག་སྣང་སྐྱེས་ཡོད་པ་རེད་ཅེས་བརྗོད་འདུག
དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྩེད་བཞིན་པའི་(CONIFA)འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་། བོད་རྒྱལ་ཡོངས་རྐང་རྩེད་རུ་ཁག་གི་རྩེད་འགྲན་པས་རུ་ཁག་གསུམ་དང་འགྲན་བསྡུར་ཐེངས་གསུམ་བྱས་ཡོད་ཅིང་།  རང་དབང་གི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པ་དེས་འཛམ་གླིང་ནང་དྲག་གནོན་བྱེད་སའི་ས་ཁུལ་ཁག་དང་ངོས་ལེན་མེད་པར་ཁ་བྲལ་དུ་ཕྱིན་པའི་ཚོགས་པ་སྒྲིག་འཛུགས་ཁག་ལ་རྒྱུ་མཚན་སྣ་མང་ལ་བརྟེན་ནས་རྒྱལ་སྤྱིའི་གཞུང་འབྲེལ་གྱི་རྐང་རྩེད་སྤོ་ལོ་(FIFA)ནང་མ་ཚུད་པ་ཚོར་དམིཊ་བསལ་སྡིང་ཆ་སྤྲད་པ་ཞིག་རེད་འདུག
ཕྱི་ལོ་༢༠༡༣ལོའི་བཟུང་(CONIFA )ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོ་རྩེད་འགྲན་དེ་བཞིན་ལོ་གཉིས་རེའི་མཚམས་སུ་ཐེངས་རེ་བྱེད་སྲོལ་ཡོད་ཅིང་།  འདི་ལོ་༢༠༡༨ལོར་ནང་རྐང་རྩེད་སྤོ་ལོའི་རུ་ཁག་༡༦མཉམ་ཞུགས་ཀྱིས་རྩེད་འགྲན་པ་མང་ཆེ་ཤོས་དེ་ཆགས་ཡོད་པ་རེད།  བོད་ཀྱི་རྩེད་འགྲན་རུ་ཁག་གིས་རྩེད་འགྲན་རུ་ཁག་གསུམ་དང་འགྲན་བསྡུར་བྱས་ནས་གསུམ་ཀར་ཕམ་ཀ་བྱུང་ཡོད་ཀྱང་། རྩེད་བོད་ཀྱི་རྐང་རྩེད་པོ་ལོའི་རུ་ཁག་གི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་ད་ལན་གོ་སྐབས་བཟང་པོ་ཞིག་ལ་ངོས་འཛིན་དང་རྩེད་མོ་རྒྱལ་ཕམ་གྱི་གནས་ཚུལ་ལ་མ་ལྟོས་པར་འཛམ་གླིང་ལ་བོད་པ་ཚོས་དམིགས་དཔེ་ཞིག་སྟོན་རྒྱུ་དང་བོད་པ་རང་ཉིད་ལ་གོ་སྐབས་ཐོབ་ཚེ་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པའི་གདེངས་ཚོད་ཡོད་པ་བསྟན་ཐུབ་ལུགས་གསུངས་འདུག
ད་དུང་ཁོང་གིས་ཐོབ་ཤོར་གྱི་གནས་ཚུལ་ནི་དེ་ཙམ་གལ་ཆེན་པོ་མིན་པ་དེ་ལས་ཀྱང་གལ་ཆེ་བ་ནི་ང་ཚོ་བོད་པ་ཚོར་འདྲ་མཉམ་ཡོད་པ་སྟོན་ཐུབ་པ་དང་ང་ཚོས་ཀྱང་རྩེད་འགྲན་ནང་ཞུགས་ཐུབ་པ་དེའི་མཚོན་དོན་གལ་ཆེན་པོ་ཡིན་ཞེས་བརྗོད་འདུག།   

གསར་འགོད་པ་ཀརྨ་རྒྱ་མཚོ་དང་། རྡོ་རྗེ་དགྲ་འདུལ།

མཆན། (0)
Share
དྲ་གནས་ཆ་ཚང༌།