འཛམ་གླིང་ཁོར་ཡུག་གི་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་གླེང་འདུག

2021.11.02
འཛམ་གླིང་ཁོར་ཡུག་གི་ཚོགས་ཆེན་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་གླེང་འདུག འཛམ་གླིང་ཁོར་ཡུག་གི་ཚོགས་ཆེན་(COP26) ༢༠༢༡
སྒྲིག་བཟོ།/RFA

དབྱིན་ཇིའི་མངའ་ཁོངས་སི་ཀོ་ཌི་ལེན་ཌིའི་(Scotland)་གྲོང་ཁྱེར་(Glasgow)་ནང་། སྤྱི་ཟླ་༡༠་པའི་ཚེས་༣༡་ནས་ཟླ་༡༡་པའི་ཚེས་༡༢་བར་(Cop26)་ཞེས་འཛམ་གླིང་ཁོར་ཡུག་གི་ཚོགས་ཆེན་ཐེངས་༢༦་པ་ཚོགས་བཞིན་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱལ་ཁབ་ཁག་༡༩༠་མཉམ་ཞུགས་གནང་ཡོད་པའི་ཁྲོད། བོད་ཀྱི་སྐུ་ཚབ་བཅུ་གཉིས་ཙམ་ཞིག་མཉམ་ཞུགས་གནང་ནས་ཨུ་རུ་སུའི་གཏན་ཆགས་འཁྱགས་རོམ་གྱི་གནས་སྟངས་དང་འབྲེལ་ནས་བོད་ཀྱི་འཁྱགས་རོམ་དང་ཁོར་ཡུག་རྒྱ་ནག་གཙོས་ཡུལ་གྲུ་མང་པོའི་འཚོ་གནས་དང་འབྲེལ་བ་ཡོད་པའི་གལ་འགངས་རང་བཞིན་སྐོར་བགྲོ་གླེང་གནང་ཡོད་འདུག
ཚོགས་ཆེན་དེར་མཉམ་ཞུགས་གནང་ཡོད་པའི་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས་གསུང་ན། ཐེངས་འདིའི་ཚོགས་འདུའི་སྐབས་གནད་ཡོད་མི་སྣ་ཁག་ཅིག་ལ་ཐུག་འཕྲད་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་སྐོར་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་འབག་གཙོག་དང་གཏོར་སྐྱོན་གྱིས་ཉམས་ཆག་ཇི་ཙམ་ཐེབས་ཀྱི་ཡོད་པའི་སྐོར་གྱི་ཡིག་ཆ་ཁག་འགྲེམས་སྤེལ་དང་ངོ་སྤྲོད་སོགས་བྱེད་བཞིན་ཡོད་པ་མ་ཟད། ཁོར་ཡུག་དང་འབྲེལ་བའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཆ་ཤས་བླངས་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ད་ཐེངས་ཀྱི་ཚོགས་ཆེན་སྟེང་དངོས་སུ་ངོ་བཅར་བྱས་མེད་པ་དང་། ཁོང་གི་གཏམ་བཤད་དེ་བརྙན་འཕྲིན་དྲྭ་ལམ་བརྒྱུད་ནས་བྱེད་རྒྱུའི་གོ་སྐབས་སྤྲད་མེད་པར་བརྟེན་མཐའ་དོན་ཡིག་ཐོག་ནས་གཏོང་དགོས་བྱུང་བ་དང་། དེའི་ནང་འཛམ་གླིང་གི་ཡུལ་ཁག་ཚང་མས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐད་ཕན་ཚུན་བློ་གཏད་ཡིད་ཆེས་འཕེར་བ་དང་། མཉམ་སྦྲེལ་གྱི་སྒོ་ནས་ལས་དོན་ཁག་ཁས་ལེན་བྱས་པ་ལྟར་དོན་འཁྱོལ་ཡོང་བའི་འབོད་སྐུལ་བྱས་ཡོད་འདུག ཡིན་ན་ཡང་ཚོགས་བཅར་བ་མང་པོ་ཞིག་གིས་ཚོགས་འདུ་དེར་རྒྱ་ནག་མཉམ་ཞུགས་བྱས་མེད་པ་དེས་ཁོར་ཡུག་ལ་འགན་མ་འཁུར་བ་རེད་ཅེས་སྐྱོན་བརྗོད་དང་། ལྷག་པར་དུ་ཁོར་ཡུག་དང་འབྲེལ་བའི་ལོ་ལྔ་ཚན་གྱི་འཆར་ཟིན་དུས་ཐོག་ཏུ་ཕུལ་མ་ཐུབ་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཁོར་ཡུག་སྲུང་སྐྱོབས་ཐད་གྲ་སྒྲིག་འཐུས་ཚང་མེད་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་ཡོད་འདུག
བོད་རིགས་ཚོགས་བཅར་བ་རྣམས་མཉམ་རུབ་ཀྱིས་འདི་ཚེས་བཞི་དང་བདུན་བཅས་ལ་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཐད་དམིགས་བསལ་བགྲོ་གླེང་དང་། དེ་བཞིན་ཁོར་ཡུག་དང་འབྲེལ་བའི་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཞིག་སྤེལ་རྩིས་ཡོད་པ་རེད་འདུག །
སྤྱིར་སྟངས་ཚོགས་ཆེན་འདིའི་ཐོག་གཙོ་བོ་རྒྱལ་ཁབ་སོ་སོའི་ངོས་ནས་མཁའ་རླུང་འབག་གཙོག་ཉུང་དུ་གཏོང་ཐབས་དང་། གནམ་གཤིས་དང་གོ་ལའི་ཚ་དྲོད་སྙོམས་སྒྲིག་ཐུབ་ཐབས་བཅས་ཀྱི་ཐད་གྲོས་མོལ་བྱ་གཏན་འཁེལ་བ་བཞིན་ཚོགས་ཆེན་ཉིན་གཉིས་པའི་ཐོག་མཁའ་རླུང་འབག་གཙོག་ཉུང་དུ་གཏོང་ཐབས་སྐོར་དང་། ལྷག་པར་དུ་ཨ་རིའི་ངོས་ནས་ཕྱི་ལོ་༢༠༡༥་ལོའི་པེ་རི་སིའི་གྲོས་ཆོད་དུ་གསལ་བ་བཞིན་སའི་གོ་ལའི་ཚ་དྲོད་༡.༥C་ལས་མ་བརྒལ་བ་བྱ་དགོས་ཞེས་ནན་བཤད་བྱས་ཡོད་འདུག །
ད་ཐེངས་ཀྱི་ཚོགས་ཆེན་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་འཛམ་གླིང་གི་གནད་ཡོད་མི་སྣ་མང་པོ་ཞིག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འཛམ་གླིང་ཁོར་ཡུག་གལ་གནད་ལ་གཟིགས་པའི་གསུང་འཕྲིན་བསྩལ་ཡོད་པ་རེད།
ཐེངས་འདིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས་གནམ་གཤིས་འགྱུར་ལྡོག་གི་གནད་དོན་འདྲ་མིན་ཐད་བགྲོ་གླེང་དང་། ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཐོག་རྒྱ་ནག་གཞུང་གིས་སྡུག་སྦྱོང་བཙན་གནོན་བྱེད་བཞིན་པའི་གནད་དོན་དང་འབྲེལ་ཨ་རིས་རྒྱ་ནག་གི་ཕྱོགས་ནས་ཉི་འོད་ནུས་ཤུགས་ཀྱི་ལག་རྩལ་འཕྲུལ་ཐབས་མཁོ་འདྲེན་བཀག་སྡོམ་བྱས་ཡོད་པ་དང་། དེའི་ཐད་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎