རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག

2022.03.11
རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག རྒྱ་ནག་གི་ཧྲན་ཏུང་ཆེན་ཏོ་ཕྱོགས་སུ།
RFA/mandarin

དེ་ཡང་རྒྱ་ནག་གི་བྱང་ཕྱོགས་ཅི་ལིན་(Jilin)་ཞིང་ཆེན་གྱི་རྒྱལ་ས་(Changchun)་གཙོས་བྱང་ཕྱོགས་ཀྱི་གྲོང་ཁྱེར་བཅུ་ཕྲག་བརྒལ་བའི་ནང་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཨོ་མེ་ཁུ་རོན (Omicron)་གྱི་ནད་རྟགས་ཐོན་མཁན་གློ་བུར་ཇེ་མང་དུ་སོང་ནས། ཆུ་ཚོད་ཉེར་བཞིའི་ནང་ནད་པ་མི་གྲངས་༥༠༠་བརྒལ་བ་ནི། ཉེ་བའི་ནང་རྒྱ་ནག་རྒྱལ་ཡོངས་ནང་ཉིན་རེར་ནད་པ་ཐོན་པའི་གྲངས་ཀ་མང་ཤོས་སུ་གྱུར་ཡོད་པ་དང་། ཁྲང་ཁྲོན་(Changchun)་གྲོང་ཁྱེར་དེ་ནི་བཟོ་ལས་ཀྱི་གལ་ཆེའི་གྲོང་ཁྱེར་ཞིག་ཡིན་པ་དང་། འདི་ཚེས་༡༡རེས་གཟའ་པ་སངས་ནས་མི་འབོར་ས་ཡ་༩་ཙམ་ཡོད་པའི་གྲོང་ཁྱེར་དེའི་མི་ཚོ་ཕར་ཚུར་འགྲོ་བསྐྱོད་མི་ཆོག་པའི་ཁྱིམ་བསྡོད་བཀའ་རྒྱ་བཏང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། བོད་མི་མང་པོ་ཡོད་སའི་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་མི་གཅིག་བྱུང་ཡོད་པ་དང་། ནདཔ་དེ་མི་རིགས་གང་ཡིན་ཁ་གསལ་མི་འདུག་ཀྱང་ཁོང་དང་འབྲེལ་བ་ཉེ་བོ་བྱུང་བའི་མི་ཚང་མ་ཟུར་བཀར་ལོགས་སུ་བཀག་ཡོད་པ་རེད་འདུག
རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཨོ་མེ་ཁུ་རོན (Omicron)་ནི་འགོས་ཁྱབ་སླ་བ་དང་། དེ་རྒྱ་ནག་ནང་ཁྱབ་གདལ་ཕྱིན་པའི་རྗེས་འདས་བའི་བདུན་ཕྲག་ནང་གློ་བུར་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། དེ་ནི་རྒྱ་ནག་ནང་༢༠༢༠ལོའི་འགོར་ཐོག་མར་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རྗེས་སུ་ད་ཆ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་སྡུག་ཤོས་དེ་ཡིན་པ་རེད།
རེས་གཟའ་པ་སངས་ཉིན་ཀྱི་སྔ་དྲོར་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ནས་ཉིན་རེའི་ཏོག་དབྱིབས་ནད་པའི་གྲངས་ཀ་གསར་ཤོས་བཏོན་པར་གཞིགས་ན། རྒྱ་ནག་གི་ཞིང་ཆེན་བཅུ་ཕྲག་ལྷག་གི་ནང་ཏོག་དབྱིབས་ནད་པ་ཁྱོན་ཆིག་སྟོང་གསུམ་བརྒྱ་དྲུག་ཅུ་རེ་དགུ་བྱུང་ཡོད་པ་དང་། ད་དུང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ཡི་དཔོན་རིགས་ནས། སློབ་གྲྭ་རྣམས་སྒོ་རྒྱབ་ཏེ་དྲ་ལམ་བརྒྱུད་སློབ་ཁྲིད་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད་འདུག
ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་དེ། ཐོག་མར་༢༠༡༩་ལོའི་ལོ་མཇུག་ཏུ་རྒྱ་ནག་ཝུའུ་ཧན་ནས་ཁྱབ་གདལ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བཙན་གྱིས་མི་མང་གི་འགྲོ་བསྐྱོད་བཀག་སྡོམ་ནན་མོ་བྱས་བ་དང་། ས་མཚམས་མང་ཆེ་བ་སྒོ་བརྒྱབ་པའི་རྗེས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཚོད་འཛིན་བྱེད་ཐུབ་པ་བྱུང་ཡོད་ཚུལ་བཤད་ཡོད་པ་རེད། ཡིན་ན་ཡང་ནད་ཡམས་སྔོན་འགོག་ཐད་འགྲོ་བསྐྱོད་བཀག་སྡོམ་བྱས་བ་སོགས་དམ་དྲག་ཆེ་དྲགས་པར་མི་མང་པོ་བསུན་སྣང་སྐྱེས་བཞིན་ཡོད་པ་རེད།
ཉེ་ཆར་རྒྱ་ནག་དབུས་དཔལ་འབྱོར་འཆར་འགོད་ལས་ཁང་གིས། གཞི་རྒྱ་ཆེ་བའི་ཁྱིམ་སྡོད་བཀག་རྒྱ་ཡིས་དཔལ་འབྱོར་ལ་གྱོང་གུད་ཐེབས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་དང་། རྒྱ་ནག་གི་ཚན་རིག་པ་གཙོ་བོ་ཞིག་གིས། རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དེ་རྩ་མེད་དུ་མི་འགྲོ་བར་འཛམ་གླིང་གི་རྒྱལ་ཁབ་གཞན་ནང་གནས་པ་ལྟར་རྒྱ་ནག་ནང་དུ་དེ་ལྟར་གནས་རྒྱུ་ཡིན་པ་བརྗོད་འདུག

གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎