རྒྱ་གར་གཞུང་དམངས་ལ་དཀའ་ངལ་འཕྲད་སྐབས་བཙན་བྱོལ་བོད་མི་ཚོས་རོགས་རམ།

2021-04-29
Share
རྒྱ་གར་གཞུང་དམངས་ལ་དཀའ་ངལ་འཕྲད་སྐབས་བཙན་བྱོལ་བོད་མི་ཚོས་རོགས་རམ། ལྡི་ལིར་ཐང་ཆེན་ཞིག་ཏུ་ཏོག་དབྱིབས་ནད་ཡམས་ཕོག་ནས་གྲོངས་ཟིན་པའི་ཕུང་པོ་མང་པོ་མེར་སྲེག་བཞིན་པ། ༤།༢༦།༢༡
Reuters

རྒྱ་གར་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་སོང་ནས་དཀའ་ངལ་འཕྲད་བཞིན་པའི་ཛ་དྲག་གནས་སྟངས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་ལ་རོགས་རམ་ཆེད་བོད་མི་ཡོངས་ལ་ཞལ་འདེབས་གནང་དགོས་པའི་འབོད་སྐུལ་ཞུས་འདུག
ཉེ་ལམ་ནས་རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་རླབས་རྒྱུན་གཉིས་པ་ཞིག་བྱུང་ནས། རྒྱ་གར་གྱི་སྨན་ཁང་ཁག་ཏུ་ཛ་དྲག་ནད་པར་སྲོག་འཛིན་རླུང་དཀོན་པ་དང་། སྨན་བཅོས་ཡོ་ཆས་མ་འདེང་བ། དེ་བཞིན་ནད་པའི་གྲངས་འབོར་ཉིན་རེ་བཞིན་ཕོན་ཆེན་འཕར་བ་སོགས་ཀྱི་ཛ་དྲག་གི་གནས་སྟངས་འོག་ད་བར་ནད་པ་འབུམ་གཉིས་དང་བརྒྱད་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ཟླ་ ༤ ་ཚེས་ ༢༨་ཉིན་གསལ་བསྒྲགས་སྤེལ་ནས། རྒྱ་གར་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་རླབས་རྒྱུན་གཉིས་པ་ཞིག་བྱུང་ནས་གཞུང་དམངས་གཉིས་ལ་དཀའ་ངལ་འཕྲད་བཞིན་པའི་ཛ དྲག་གནས་སྟངས་སྐབས། བཙན་བྱོལ་བོད་མི་ཡོངས་ཀྱི་ངོས་ནས་རྒྱ་གར་གཞུང་དང་མི་མང་ལ་བཀའ་དྲིན་རྗེས་དྲན་དང་། ཐུགས་གསོ། གདུང་སེམས་མཉམ་སྐྱེད་བཅས་མཚོན་ཕྱིར། རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ངལ་སེལ་དང་འབྲེལ་བའི་རྒྱ་གར་སྲིད་བློན་གྱི་ཐེབས་རྩར་( PM-CARES Fund)་རྒྱ་མཚོ་ཆུ་ཐིགས་ཀྱི་ཞལ་འདེབས་འབུལ་རྒྱུ་དང་། དེ་ཡང་རང་ཉིད་གནས་ཡུལ་ས་གནས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སམ། ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་འབུལ་རྒྱུར་འབོད་སྐུལ་དང་མཉམ། བོད་མིའི་སྒྲིག་འཛུགས་མ་ལག་གི་འགོ་ལས་ཡོངས་ཀྱིས་སོ་སོའི་ལས་ཉིན་གཅིག་གི་ཕོགས་འབབ་ཞལ་འདེབས་སུ་འབུལ་རྒྱུ་ཡིན་པ་བཀོད་འདུག
རྒྱ་གར་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་རླབས་རྒྱུན་གཉིས་པ་བྱུང་བཞིན་པའི་གནས་སྟངས་དེའི་འོག་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་རྒྱ་གར་ནང་བོད་མི་གནས་སྡོད་བྱེད་ཡུལ་བཞུགས་སྒར་རྡ་རམ་སཱ་ལ་དང་། ཝ་ར་ཎ་སི། ལྡེ་ར་ལྡུན། ཧོན་སུར། ཨོ་རིས་ས་བཅས་གཞིས་ཆགས་ཁག་ལྔ་ཡི་ནང་དུ་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་སྡུག་པོ་ཡོད་པ་རེད། འཕྲོད་བསྟེན་ལས་ཁུངས་ལ་འབྱོར་བའི་གྲངས་ཐོ་གཞིགས་བཟུང་བྱས་ན། ནད་ཡམས་ཁྱབ་གདལ་བྱུང་བ་ནས་འདི་ཚེས་༢༩བར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་༢༤༥༠་ཐོན་པའི་ཁྲོད་ནས་བོད་མི་༥༣་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། བདུན་ཕྲག་འདིའི་ནང་བོད་མི་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་༣༥༢་ཐོན་ཡོད་འདུག
ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེར་སོང་ནས་མི་མང་ལ་དཀའ་ངལ་ཆེ་ཤོས་འཕྲད་བཞིན་པའི་རྒྱལ་ཁབ་དེ་ཡིན་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་། ཨ་རི། དབྱིན་ཡུལ། ཡོ་རོབ་མཐུན་ཚོགས། རྒྱ་ནག་དང་ར་ཤི་ཡ་སོགས་རྒྱལ་ཁབ་མང་པོས་རྒྱ་གར་ལ་དགོས་ངེས་ཀྱི་སྨན་དང་ནད་ཡམས་སྔོན་འགོག་གི་སྨན་ཁབ་སོགས་རོགས་རམ་བྱེད་བཞིན་པ་དང་། སིངྒ་པུར་དང་འབྲུག་ལྟ་བུ་རྒྱལ་ཁབ་ཆུང་ཁག་གིས་ཀྱང་རྒྱ་གར་ལ་ཧ་ཅང་དགོས་ངེས་ཆེ་བ་སྲོག་འཛིན་རླུང་སོགས་མཁོ་སྤྲོད་བྱེད་བཞིན་ཡོད་འདུག
རྒྱ་གར་ནང་ནད་ཡམས་འགོས་ཁྱབ་བྱུང་བ་ནས་ཕྱི་ཟླ་༤་བའི་ཚེས་༢༩་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་བཅོ་བརྒྱད་དང་བདུན་འབུམ་ལྔ་ཁྲི་ལྷག་བརྒལ་ནས་མི་གྲངས་འབུམ་གཉིས་དང་བརྒྱད་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད།
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༣་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་ཞེ་དགུ་དང་འབུམ་བདུན་ལྷག་བྱུང་བའི་ཁྲོད། མི་གྲངས་ས་ཡ་གསུམ་དང་ཆིག་འབུམ་ལྔ་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།