བོད་ཀྱི་ཟློས་གར་ཚོགས་པའི་ནང་མི་གྲངས་༣༤་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་འདུག

2022.01.06
བོད་ཀྱི་ཟློས་གར་ཚོགས་པའི་ནང་མི་གྲངས་༣༤་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་འདུག རྒྱ་རག་རྡ་རམ་སཱ་ལའི་མེཁུ་ལོཊི་གྷན་ཇི།
Lhuboom/RFA

རྒྱ་གར་རྒྱལ་ཡོངས་སུ་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་སྤྱི་དང་། ལྷག་པར་དུ་ཨོ་མི་ཁུ་རོན་ཞེས་རྣམ་པ་འགྱུར་བའི་རིམས་ནད་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་སྐབས་འདིར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པའི་ནད་པ་ཇེ་མང་དུ་སོང་ནས། བོད་ཀྱི་ཟློས་གར་ཚོགས་པའི་ནང་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པའི་ནད་པ་སུམ་ཅུ་སོ་བཞི་ཙམ་ཐོན་ཡོད་འདུག ཡིནའང་དེ་དག་ཕལ་ཆེ་བ་ལ་ནད་རྟགས་མངོན་པ་ལས་གཞན་ཛ་དྲག་གི་དཀའ་ངལ་གང་ཡང་མེད་པ་བོད་ཀྱི་ཟློས་གར་ཁང་གི་འགན་འཛིན་བསོད་ནམས་ཆོས་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། ཁོང་གིས། བོད་ཀྱི་ཟློས་གར་ཚོགས་པའི་ནང་ནད་རྟགས་ཐོན་པའི་ནད་པ་ཐོན་མ་ཐག་དེ་གའི་ཚོགས་མི་ཙམ་དུ་མ་ཟད། འབྲེལ་ཡོད་ཚང་མ་ལ་བརྟག་དཔྱད་བྱས་ཟིན་ཡོད་ཀྱང་འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་ལྟར་དགོས་ངེས་བྱུང་ན་དུས་ཐོག་བརྟག་དཔྱད་བྱེད་ཆོག་ཆོག་ཡིན་ཟེར།
སྤྱིར་ཨོ་མི་ཁུ་རོན་(omicron)་ཞེས་རྣམ་པ་འགྱུར་བའི་ནད་འབུའི་ཆེད་བརྟག་ཐབས་ཡོ་ཆས་སོགས་ཀྱི་བརྒྱུད་རིམ་གཞན་ཞིག་བརྒྱུད་དགོས་ཀྱི་ཡོད་ཅིང་། རྒྱ་གར་གྱི་ས་གནས་ཁ་ཤས་ཤིག་ལ་མ་གཏོགས་བརྟག་ཐབས་ཡོ་ཆས་དེའི་མཐུན་རྐྱེན་མེད་པ་རེད་འདུག འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པ་གང་ལ་གང་འཚམས་མང་པོ་ཞིག་ཡོད་ཀྱང་། དེ་དག་ལ་རྣམ་པ་འགྱུར་བའི་ནད་དུག་གསར་པ་དེ་འགོས་ཡོད་པའི་དྭོགས་པ་མི་འདུག་ཅེས། བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གསུངས་བྱུང་།
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཏོག་དབྱིབས་རིམས་ནད་དང་འབྲེལ་བའི་གལ་ཆེའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། རིང་མིན་དགུན་ཚོང་རྒྱག་མཁན་ཚོ་ཕྱིར་སོ་སོའི་ཁྱིམ་དུ་ལོག་པའི་སྐབས་སུ། ནད་དུག་ཁྱབ་གདལ་མི་འགྲོ་བའི་ཆེད་དོ་བདག་སོ་སོས་འགན་འཁྱེར་ཏེ་བརྟག་དཔྱད་ངེས་པར་དུ་བྱེད་གལ་ཆེ་བའི་སྐུལ་མ་གནང་བ་དང་། ད་དུང་རིམས་ནད་སྤྱི་དང་ལྷག་པར་དུ་ནད་དུག་གསར་པ་མི་འགོ་བའི་ཆེད་དུ་སྔོན་འགོག་སྨན་ཁབ་རྒྱག་ཐུབ་དགོས་པ། དེ་བཞིན་མཁའ་རླུང་གཙང་མར་བསྟེན་དགོས་པ་སོགས་སྔོན་འགོག་ལམ་སྟོན་གནང་བ་དང་། རིང་མིན་ནད་རླབས་གསུམ་པ་འཕྱུར་སྲིད་པའི་གཞི་ཡོད་པར་བརྟེན། སྒོ་གཏན་ནས་བཞག་ཡོད་པའི་དེ་སྔོན་གྱི་ཟུར་བཀག་ཁང་རྣམས་བསྐྱར་དུ་སྒོ་ཕྱེ་དགོས་པའི་གནས་སྟངས་ཆགས་མི་སྲིད་པ་རེད་མི་འདུག་ཅེས་གསུངས་སོང་།
དེ་བཞིན་འཕྲོད་བསྟེན་དྲུང་ཆེ་མཆོག་གིས་ནད་རླབས་གསུམ་པ་དང་ནད་དུག་གསར་པ་འགོས་ཁྱབ་མི་འགྲོ་བའི་ཆེད་ཚང་མས་སྔོན་འགོག་སྨན་ཁབ་ཀྱིས་གཙོས་པའི་སྔོན་འགོག་ཐབས་ལམ་ཁག་ལྷོད་གཡེང་མེད་པར་གནང་རོགས་གྱིས་ཞེས་འབོད་བསྐུལ་གནང་སོང་།
རྡ་རམ་སཱ་ལའི་ཁུལ་དུ་ནད་པ་ཇེ་མང་འགྲོ་བཞིན་པར་བརྟེན་མངའ་སྡེ་གཞུང་གིས་དེའི་ཁུལ་དུ་མཚན་མོ་ཆུ་ཚོད་བཅུ་པ་ནས་ཞོགས་པའི་ཆུ་ཚོད་ལྔ་པ་བར་ཕར་ཚུར་འགྲུལ་བསྐྱོད་མི་ཆོག་པ་སོགས་ཀྱི་བཀག་རྒྱ་བསྡམས་ཡོད་པ་དང་། དེ་བཞིན་ལྡི་ལི་གཙོས་མངའ་སྡེ་མང་པོ་ཞིག་གི་ནང་ནད་དུག་ཁྱབ་གདལ་ཛ་དྲག་པས་དབང་གིས་བཀག་རྒྱ་ཕེབས་མུས་རེད་འདུག
རྣམ་པ་འགྱུར་བའི་རིམས་ནད་གསར་པ་ཞིག་ཐོན་བཞིན་ཡོད་པའི་ཐད་མི་མང་ཁྲོད་སེམས་འཚབ་བྱེད་མཁན་སོགས་མང་པོ་ཞིག་ཡོད་ཅིང་། བདེ་སྐྱིད་གླིང་གི་གཞིས་མི་ཚེ་རིང་སྒྲོལ་མ་ལགས་ཀྱིས། རིམས་ནད་གང་འདྲ་ཞིག་སླེབས་རུང་གཙོ་བོ་སོ་སོས་སོ་སོར་བདག་གཅེས་བྱས་ནས་སྔོན་འགོག་གི་བྱེད་ཐབས་ཁག་ཚུལ་བཞིན་བསྟེན་གལ་ཆེ་བ་གསུངས་བྱུང་།
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གསལ་བ་ལྟར་ན། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ད་བར་ཁྱོན་ནད་པ་བདུན་སྟོང་བརྒྱ་མེད་དྲུག་ཅུ་བྱུང་བའི་ཁྲོད་དྲུག་སྟོང་བརྒྱད་བརྒྱ་བཅོ་བརྒྱད་དྲག་བསྐྱེད་བྱུང་བ་དང་། ནད་པ་བརྒྱ་དང་དྲུག་ཅུ་རེ་གཉིས་འདས་གྲོངས་སུ་ཕྱིན་ཡོད་པ། ད་ལྟ་ནད་མནར་བཞིན་པའི་གྲངས་བརྒྱད་ཅུ་ཡིན་པ་རེད་འདུག
རྒྱ་གར་གཞུང་གི་ནད་པའི་གྲངས་ཐོ་ནང་གསལ་བ་ལྟར་ན། ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པ་ནས་བཟུང་། ད་བར་རྒྱ་གར་ནང་ཁྱོན་ནད་པ་འབུམ་སུམ་བརྒྱ་བཞི་བཅུ་ཞེ་བདུན་དང་ལྔ་ཁྲི་ཉིས་སྟོང་ཆིག་བརྒྱ་དྲུག་ཅུ་རེ་བཞི་བྱུང་བའི་ཁྲོད་བཞི་འབུམ་བདུན་ཁྲི་བརྒྱད་སྟོང་བདུན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ནད་པ་འབུམ་སུམ་བརྒྱ་བཞི་བཅུ་ཞེ་གཅིག་དང་དགུ་ཁྲི་ལྔ་སྟོང་བརྒྱ་མེད་དྲུག་ཅུ་དྲག་བསྐྱེད་བྱུང་ཡོད་ཅིང་། ད་ལྟའི་ཆར་ནད་མནར་བཞིན་པའི་གྲངས་བདུན་ཁྲི་དགུ་སྟོང་བརྒྱ་མེད་དགུ་བཅུ་གོ་བདུན་ཡོད་པ་རེད་འདུག

གསར་འགོད་པ། བློ་བཟང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎