ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་འོག་ན་གཞོན་ལས་མེད་ཇེ་མང་དུ་འགྲོ་བཞིན་འདུག

2022.01.10
ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་འོག་ན་གཞོན་ལས་མེད་ཇེ་མང་དུ་འགྲོ་བཞིན་འདུག རྒྱ་གར་རྡ་རམ་སཱ་ལའི་སྲང་ལམ་དུ། ༢༠༢༠།༣།༩
OHHDL

༢༠༡༩་ལོར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོཝི་ཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བ་ནས་བཟུང་། འཛམ་གླིང་སྤྱི་ཡོངས་སུ་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། ལྷག་པར་དུ་ནད་ཡམས་དེའི་རྐྱེན་གྱིས་རྒྱ་གར་ནང་༢༠༢༠་ནས་༢༠༢༡་བར་མི་གྲངས་ས་ཡ་༡༠་ཙམ་ལས་མེད་ཆགས་འདུག་པ་མ་ཟད། བོད་རིགས་ན་གཞོན་མང་པོ་ཞིག་ཀྱང་ལས་མེད་ཆགས་ཡོད་འདུག
བཞུགས་སྒར་རྡ་རམ་སཱ་ལར་གནས་སྡོད་འཇམ་དབྱངས་རྡོ་རྗེ་ལགས་ནི། ༢༠༢༠་ལོར་ཉེ་བའི་གཙུག་ལག་རབ་འབྱམས་པ་(BA)་ཐོན་པའི་རྗེས། ད་བར་རང་ཉིད་ཀྱི་དམིགས་ཡུལ་ལྟར་ལས་ཀའི་གོ་སྐབས་བཙལ་ཀྱང་ནད་ཡམས་དེའི་རྐྱེན་གྱིས་གོ་སྐབས་ཐོབ་མེད་པ་འགྲེལ་བརྗོད་གནང་བྱུང་།
དཔེར་ན། དེ་སྔོན་༢༠༢༡་ལོའི་སྤྱི་ཟླ་༡༠་པའི་ནང་བོད་མིའི་སྒྲིག་འཛུགས་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་སྲི་ཞུའི་ལས་བྱེད་གཞོན་དྲུང་གྲངས་༦་གསར་འདེམས་ཞུ་རྒྱུའི་གསལ་བསྒྲགས་སྤེལ་བར། སྙན་ཞུ་འབུལ་མཁན་ན་གཞོན་༡༡༢་བྱུང་འདུག་ཅིང་། ཡིག་རྒྱུག་སྟེང་དངོས་སུ་ཞུགས་མཁན་ན་གཞོན་༧༡་བྱུང་ཡོད་པ་དེ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ནང་གནས་རིམ་གཅིག་གི་ཐོག་རྒྱུགས་འཕྲོད་པའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་གཞོན་དྲུང་གནས་རིམ་གྱི་ཡིག་རྒྱུགས་ཆེད་དགོས་ངེས་ཆ་རྐྱེན་གཙོ་བོ་ཁག་ནི་རང་ལོ་༢༡་ལས་མི་ཉུང་ཞིང་། ༤༠་ལས་མ་བརྒལ་བ་དགོས་པ་དང་། འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་དགོས་པ་སོགས་རེད་འདུག
རྡ་རམ་ས་ལར་གནས་སྡོད་རྒྱུགས་སྤྲོད་པ་དབང་མོ་ལགས་ཀྱིས། ད་རེས་རྒྱུགས་སྤྲོད་མཁན་མང་པོ་དེ་འདྲ་མཉམ་ཞུགས་བྱས་པ་ཡོད་པ་དེ་ནི་ཏོག་དབྱིབས་ནད་ཡམས་ཀྱི་ཤུགས་རྐྱེན་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ལས་ཀའི་གོ་སྐབས་ཉུང་དྲགས་པ་སོགས་ཀྱི་རྐྱེན་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་རྒྱུགས་སྤྲོད་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རིགས་ན་གཞོན་ཚང་མར་སྲི་ཞུ་བའི་ལས་ཀ་སྤྲོད་མ་ཐུབ་ནའང་། སྒྲིག་འཛུགས་ནང་དུ་དྭང་བླངས་ཞབས་ཞུ་བྱེད་སའི་ཁོར་ཡུག་སྐྲུན་དགོས་པ་བསམ་ཚུལ་བརྗོད་གནང་གི་འདུག
ཡང་གཞུང་ཞབས་རྒྱུགས་སྤྲོད་པ་ཁྲ་ཁོག་ལགས་ནི་ཆུང་དུས་བོད་ནས་བྲོས་བྱོལ་དུ་ཕེབས་པ་ཞིག་ཡིན་ཞིང་། ཁོང་གིས། ད་རེས་ཡིག་རྒྱུགས་དེའི་མཉམ་ཞུགས་བྱེད་རྒྱུ་འདི་ནི་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་ཤིག་ཡིན་པ་ངོས་འཛིན་གནང་གི་འདུག་ལ། ད་རེས་ཡིག་རྒྱུགས་སྟེང་གཞོན་སྐྱེས་མང་པོ་དེ་འདྲ་མཉམ་ཞུགས་བྱས་པ་དེས་ཕྱོགས་གཞན་ཞིག་ནི་སྒྲིག་འཛུགས་དེ་ཉིད་ལ་ལས་བྱེད་སྤུས་དག་རག་རྒྱུའི་འདམ་ག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་དབུས་དང་ས་གནས་བཅས་ཀྱི་ནང་ཁྱོན་སྲི་ཞུ་ལས་བྱེད་༥༧༦་ཡོད་པ་དང་། ལས་བྱེད་གསར་འདེམས་བྱེད་ཕྱོགས་དམིགས་བསལ་གྱི་དུས་ཚིགས་མེད་པ་དང་། བཀའ་ཤག་གི་དགོས་དོན་ཕེབས་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གསལ་བསྒྲགས་སྤེལ་གྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་ད་ལྟའི་ཆར་རྒྱ་གར་ནང་བཙན་བྱོལ་བོད་མི་སྟོང་ཕྲག་དྲུག་ཅུ་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དེ་དག་མང་ཆེ་བའི་འཚོ་རྟེན་ནི་དགུན་ཚོང་ཡིན་པ་དང་། ནད་དུག་དེའི་རྐྱེན་གྱིས་བོད་མིའི་ཚོས་ཚོང་ལས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། ལྷག་པར་དུ་ནད་དུག་འགོས་ཁྱབ་ཀྱི་རྐྱེན་གྱིས་༢༠༢༠་ལོར་བོད་མི་ཚོས་དགུན་ཚོང་སྔར་བཞིན་ལམ་ལྷོང་བྱུང་མེད་པ་ཡོངས་གྲགས་ཡིན་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎