ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པའི་གྲངས་ཀ་འཕར་འདུག

2022.04.06
Share on WhatsApp
Share on WhatsApp
ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པའི་གྲངས་ཀ་འཕར་འདུག ཟི་ལིང་དུ་ནད་རྟགས་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ། ༤།༢༠༢༢
Chinese State Media

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏོག་དབྱིབས་ནད་ཡམས་སྔོན་འགོག་བཀོད་སྒྲིག་ལས་དོན་བཀག་འདེམས་ཁང་ཟེར་བ་དེས་བརྡ་ཐོ་བཏང་བའི་ནང་། སྤྱི་ཟླ་བཞི་པའི་ཚེས་༦ཉིན་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་ཕོག་མཁན་ནད་པ་གསར་པ་གསུམ་ཐོན་ཡོད་པ་དང་། དེ་ཟུར་བཀག་གིས་བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་ཡོད་འདུག ནད་པ་དེ་ནི་བུ་མོ་ལོ་ན་གསུམ་ཅན་ཞིག་ཡིན་པ་དང་། ད་ལྟའི་བར་ཟི་ལིང་དུ་ཁྱོན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་བཅུ་གཉིས་ཡོད་འདུག་ལ། བོུ་དེ་ནི་ཉེ་ཆར་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ཐོན་རིམ་ཨང་དང་པོ་དེའི་ཚ་མོ་ཡིན་པ་དང་། དེ་ནས་ནད་པ་བཅུ་གཅིག་པ་དེ་ནི་བུ་ལོ་བདུན་ཅན་གྱི་སློབ་ཕྲུག་ཞིག་ཡིན་པ་དང་། ནད་པ་ཨང་དང་པོ་ཐོན་པ་དེའི་བུ་ཡིན་འདུག གཞན་ནད་པ་གཅིག་ནི་ལོ་གཉིས་ཡིན་པ་ནད་པ་ཨང་དང་པོ་དེའི་ཚ་བོ་ཡིན་འདུག
རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་དེའི་ནང་། བར་སྐབས་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་ལུགས་ཀྱི་གནས་ཚུལ་བཀོད་པ་ལས། རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལྟ་བུ་ཟི་ལིང་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་པའི་གནས་ཚུལ་གང་ཡང་བཀོད་མི་འདུག
ཟླ་བ་འདིའི་ཚེས་༣ཉིན། ཟི་ལིང་གྲོང་ཁྱེར་དུ་ཐོན་པའི་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་པ་གསར་པ་༥ཐོན་པ་དེ་དག་ནི། ཧྲང་ཧེ་གྲོང་ཁྱེར་གྱི་ཆིན་ཕིལ་ཁུལ་ནས་སོ་སོས་རླངས་འཁོར་བཏང་ནས་ཕྱིར་ཟི་ལིང་དུ་ལོག་མཁན་ཡིན་འདུག་ཅིང་། དེའི་རྗེས་ཕྱི་ཚེས་༤ཉིན་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་ཡམས་ནད་རྟགས་ཐོན་མཁན་ནད་པ་གཉིས་བྱུང་བ་དང་། ཕྱི་ཚེས་༥ཉིན་ནད་པ་གཉིས་བྱུང་བ་དེ་དག་ཚང་མ་ཟུར་བཀག་འོག་བཞག་ཡོད་འདུག
ཟི་ལིང་གྲོང་ཁྱེར་ནི་བོད་མི་སྟོང་ཕྲག་མང་པོ་འདུས་སྡོད་བྱེད་སའི་གྲོང་ཁྱེར་ཞིག་ཡིན་ནའང་། གོང་ཞུས་ནད་པ་དེ་དག་གི་ཁྲོད་བོད་རིགས་ཡོད་མེད་ཁ་གསལ་མི་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟའི་ཆར་བོད་ཀྱི་ས་ཁུལ་ནས་ཟི་ལིང་དུ་འགྲོ་མཁན་ཚོར་བརྟག་དཔྱད་བརྒྱུད་ནད་རྟགས་མེད་པའི་ཚད་ལྡན་ཡིག་ཆ་སྟོན་རྒྱུ་མེད་ན་ཟི་ལིང་གྲོང་ཁྱེར་ནང་འཛུལ་འཇུག་གི་མེད་པ་དང་། དེ་མཚུངས་ཟི་ལིང་ནས་ས་གནས་གཞན་ལ་འགྲོ་མཁན་ཚོང་ཀྱས་གཅིག་མཚུངས་ནད་རྟགས་མེད་པའི་དཔང་ཡིག་ལེན་དགོས་ཀྱི་ཡོད་འདུག

གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།