ཉེ་བའི་ནང་བདེ་སྐྱིད་གླིང་གཙོས་ལྡེ་ར་ལྡུན་ཕྱོགས་སུ་བོད་མི་ཏོག་དབྱིབས་ནད་པ་ལྔ་བཅུ་ཙམ་ཐོན་འདུག

2021-04-14
Share
ཉེ་བའི་ནང་བདེ་སྐྱིད་གླིང་གཙོས་ལྡེ་ར་ལྡུན་ཕྱོགས་སུ་བོད་མི་ཏོག་དབྱིབས་ནད་པ་ལྔ་བཅུ་ཙམ་ཐོན་འདུག རྒྱ་གར་ལྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར།
བློ་བཟང་། /RFA

ཉེ་བའི་ནང་བདེ་སྐྱིད་གླིང་གཙོས་ལྡེ་ར་ལྡུན་ཕྱོགས་ཀྱི་བོད་མིའི་གཞིས་སྒར་དང་སློབ་གྲྭ་ཁག་ནང་(Covid-19)ཏོག་དབྱིབས་ནད་ཡམས་འགོས་པའི་བོད་མི་ནད་པ་༥༠་ཙམ་ཐོན་འདུག
ད་སྐབས་འཛམ་གླིང་ཁྱོན་དུ་ཀོ་ཝིཌ༡༩ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཚ་རླབས་ཞིག་ཡང་བསྐྱར་འཕྱུར་བཞིན་པའི་སྐབས་འདིར། རྒྱ་གར་ལྡེ་ར་ལྡུན་ཁུལ་དུ་བདེ་སྐྱིད་གླིང་གཙོས་བོད་མིའི་གཞིས་སྒར་ཁག་དང་། དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ནང་ཀོ་ཝིཌ༡༩ཏོག་དབྱིབས་རིམས་ནད་ཕོག་ཡོད་པའི་ནད་པ་ལྔ་བཅུ་ཡས་མས་ཤིག་བྱུང་ཡོད་པ་དང་། དེ་ཡང་ཉེ་བའི་བདུན་ཕྲག་གཅིག་ཡས་མས་ཤིག་གི་ནང་། ལྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་བདེ་སྐྱིད་གླིང་དང་། ཚེ་རིང་དོན་ལྡན། དོན་གྲུབ་གླིང་བཅས་གཞིས་སྒར་ཁག་ནས་ཁྱོན་ནད་པ་༣༠ཙམ་ཞིག་བྱུང་ཡོད་པ་རེད་འདུག
དེའི་ཐད་ལྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་ནས། ནད་པ་རྣམས་བདེ་སྐྱིད་གླིང་འཕྲོད་བསྟེན་སྨན་ཁང་དུ་སྐྱེལ་བར་ནད་པ་སྡོད་སའི་དཀའ་ངལ་ཆེ་བའི་རྐྱེན་གྱིས་གཞིས་སྤྱིའི་པོ་ཏཱ་ལའི་ཚོགས་ཁང་ཆེན་མོའི་ནང་འཇོག་དགོས་བྱུང་བ་དང་། དེ་བཞིན་འཕྲོད་བསྟེན་ལས་བྱེད་ཉུང་དྲགས་པའི་དཀའ་ངལ་སོགས་འཕྲད་ཀྱི་འདུག་ཅེས་ངོ་སྤྲོད་གནང་བྱུང་།
ད་ལྟའི་ཆར་ནད་པ་གསུམ་ཙམ་ཞིག་མ་གཏོགས་གཞན་ལྷག་མ་རྣམས་ལ་ནད་རྟགས་མངོན་གསལ་བ་གང་ཡང་མི་འདུག་ཅེས་དང་། རྩ་བའི་ཆ་ནས་ས་གནས་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣ་ས་གནས་ཁག་སོ་སོར་ཆེད་བཅར་གྱིས་ནད་ཡམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱེད་མུས་ཡིན་པ་དང་། མི་མང་རྣམས་རང་འགུལ་གྱིས་བརྟག་དཔྱད་བྱེད་སར་ཡོང་ཐུབ་པ་ཡིན་ན་རང་གཞན་གཉིས་ཀར་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་འདུག་ཅེས་བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཞབས་རིག་འཛིན་དབང་མོ་ལགས་འགྲེལ་བརྗོད་གནང་བྱུང་།
ཡང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་ཉི་ཤུ་དང་ལས་བྱེད་བཞི་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་རེད་ཅེས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་དྲུང་ཆེ་ཀརྨ་ཆུང་བདག་ལགས་ནས་གསུངས་བྱུང་། དེ་ནི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་གཏོང་མཁན་འཛིན་གྲྭ་བཅུ་པ་དང་བཅུ་གཉིས་པའི་སློབ་མ་རྣམས་སྔར་ཚུད་ནས་འཛིན་གྲྭ་ཚུགས་ཏེ་དཀའ་ངལ་གང་ཡང་འཕྲད་མེད་པར་བརྟེན། འདི་ཟླའི་ཚེས་ལྔ་ཉིན་འཛིན་རིམ་བཅུ་གཉིས་ལ་འཕར་མཁན་གསར་པ་རྣམས་བསྡུ་སྐོང་གིས་བརྟག་དཔྱད་བྱས་པ་བརྒྱུད་ནད་དུག་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད་འདུག
བདེ་སྐྱིད་གླིང་གཙོས་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་ནས་ནད་པ་༣༠་བྱུང་བའི་གྲངས་ཐོ་དེ་ས་གནས་འཕྲོད་བསྟེན་སྨན་ཁང་ལ་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལས། ད་དུང་གཞིས་སྒར་སོ་སོའི་ནང་རང་ཁྱིམ་དུ་ཟུར་བཀག་གིས་སྡོད་མཁན་ཁྲོད་ན་ནད་པ་ཡོད་སྲིད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།