རྒྱ་གར་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་རེད།

2021-04-21
Share
རྒྱ་གར་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་རེད། བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཞབས་པ་དང་དང་བླངས་བ་རྣམ་པ། ༠༤།༢༡།༢༡
བློ་བཟང་། /RFA

རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་ཡིན་པ་དང་བདེ་སྐྱིད་གླིང་དུ་ནད་པ་༡༨༠་ལྷག་ཐོན་འདུག
འདས་པའི་བདུན་ཕྲག་གཅིག་ཙམ་ནས། རྒྱ་གར་ནང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གནས་སྟངས་ཡང་བསྐྱར་ཛ་དྲག་ཇེ་ཆེར་སོང་བ་དང་མཉམ། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་། དཔེར་ན། རྒྱ་གར་ལྡེ་ར་ལྡུན་དུ་ཡོད་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནང་འདི་ཚེས་༡༤་ནས་ཉིན་རེར་བོད་མི་ནད་པ་བཅུ་གྲངས་རེ་ཐོན་ཏེ་འདི་ཚེས་༢༡བར་རིམས་ནད་འགོས་བའི་ནད་པ་ཁྱོན་༡༨༤ཙམ་བྱུང་བར་བརྟེན། ད་ཆ་དུས་ཚོད་ངེས་མེད་རིང་གཞིས་ཆགས་ཕྱི་ནང་འགྲོ་བསྐྱོད་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག
དེའི་ཐད་བདེ་སྐྱིད་གླིང་གི་སྤྱི་མི་འཕེལ་རྒྱལ་ལགས་ནས་གསུང་ན། ད་ཆ་བདེ་སྐྱིད་གླིང་གི་འཕྲོད་བསྟེན་ལས་བྱེད་མང་པོ་ཞིག་ལ་ནད་ཡམས་འགོས་ཡོད་སྟབས། གཞིས་ཆགས་ནང་གི་སྨན་ཞབས་ཟུར་པ་གཙོས་དང་བླངས་བ་མང་པོ་ཞིག་གིས་རོགས་རམ་བྱེད་མུས་ཡིན་པ་མ་ཟད། ལྷག་པར་དུ་བདེ་སྐྱིད་གླིང་ས་གནས་གཞོན་ནུ་དང་བུད་མེད། སྤྱི་བརྒྱ་བཅས་ནས་གཞིས་ཆགས་ཀྱི་རྒྱལ་སྒོ་སྲུང་བ་དང་། དུག་སེལ་སྨན་ཆུ་གཏོར་བ་སོགས་སྔོན་འགོག་གི་ལས་དོན་ཁག་སྤེལ་མུས་ཡིན་པ་རེད་འདུག
ཡང་ཝར་ན་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། དེ་སྔོན་ཁྱོན་ནད་པ་༢༩ཙམ་བྱུང་ཡོད་པ་དང་། ད་ལྟའི་ཆར་ཚ་བ་རྒྱས་བ་སོགས་ནད་རྟགས་ཡོད་པའི་སློབ་མ་༣༠ཙམ་ཞིག་ལ་བརྟག་དཔྱད་དང་མཉམ་ཟུར་བཀག་བྱས་བསྡད་ཡོད་པ་ཝར་ན་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནད་ཡམས་སྔོན་འགོག་ཚོགས་ཆུང་གི་ཚོགས་མི་བཀྲ་ཤིས་ཟླ་བ་ལགས་ནས་གསུངས་བྱུང་།
སྤྱིར་སྟངས་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ནང་ཁྱོན་མི་གྲངས་ཉིས་སྟོང་མ་ཟིན་ཙམ་ཡོད་པ་དང་། དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་ཡིས། མི་མང་ཚོར་ནད་ཡམས་ལ་གདོང་ལེན་ཆེད་བསམ་བློ་གཏོང་ཕྱོགས་དང་འབྲེལ་བའི་བཀའ་སློབ་ཕེབས་སྐབས། ཡི་དམ་ཁག་ལ་གསོལ་བ་འདེབས་ཞོར་གཙོ་བོ་ཁ་རས་གྱོན་པ་དང་ལག་པ་གཙང་སེལ་བྱེད་པ་སོགས་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་གསུངས་ཡོད་པ་རེད།
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༡ བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༡༤༣་ལྷག་བྱུང་བའི་ཁྲོད། མི་གྲངས་ས་ཡ་གསུམ་དང་ཁྲི་ལྔ་མ་ཟིན་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པར། ད་སྐབས་རྒྱ་གར་ནང་གི་གནས་སྟངས་ཇེ་སྡུག་དུ་སོང་ནས་ནད་པའི་གྲངས་འབོར་ས་ཡ་བཅོ་ལྔ་དང་འབུམ་དགུ་མ་ཟིན་ཙམ་ལ་སླེབས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།