ས་སྐྱའི་ཆོས་སྒར་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༣་ཐོན་འདུག

2021.05.03
Share on WhatsApp
Share on WhatsApp
ས་སྐྱའི་ཆོས་སྒར་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༣་ཐོན་འདུག ར་ཇའི་པུར་དུ་ཡོད་པའི་ས་སྐྱའི་ཆོས་སྒར།
བློ་བཟང་། /RFA

རྒྱ་གར་ལྡེ་ར་ལྡུན་ར་ཇའི་པུར་དུ་ཡོད་པའི་ས་སྐྱའི་ཆོས་སྒར་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༣་ཐོན་ཡོད་པ་དང་རྡ་རམ་སཱ་ལར་ནད་པའི་གྲངས་འབོར་༡༤༠་བར་འཕར་འདུག
དེ་ཡང་རྒྱ་གར་རྒྱལ་ཡོངས་སུ་ད་སྐབས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་ཚ་རླབས་གཉིས་པ་ཞིག་འཕྱུར་བཞིན་པའི་སྐབས་འདིར། ཉིན་རེ་བཞིན་རིམས་ནད་འགོས་པའི་ནད་པ་འབུམ་གསུམ་ལྷག་བརྒལ་ནས་ནད་པ་འཇོག་ས་དང་། སྲོག་འཛིན་རླུང་། སྨན་བཅོས་ཡོ་ཆས་སོགས་ཀྱི་ཐད་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པ་རེད།
གནས་སྟངས་དེ་འོག་ར་ཇའི་པུར་དུ་ཡོད་པའི་ས་སྐྱའི་ཆོས་སྒར་ནང་འདས་པའི་ཉིན་བཅུ་ཙམ་གྱི་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༨༣་ཙམ་ཐོན་ཡོད་པ་དང་། ས་སྐྱའི་ཆོས་སྒར་གྱི་འགན་འཛིན་བསོད་ནམས་ཆོས་རྒྱལ་ལགས་ཀྱིས་གསུང་ན། སྨན་ཞབས་པ་རྣམ་པས་ལྟ་རྟོག་བྱེད་བདེ་བའི་ཆེད་དུ་སྲོག་འཛིན་རླུང་སོགས་སྨན་བཅོས་ཡོ་ཆས་ལ་བརྟེན་དགོས་པའི་ནད་པ་རེ་གཉིས་ཤིག་བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཉལ་ཡོད་པ་ལས། གཞན་ནད་པ་ཕལ་ཆེ་བ་ས་སྐྱ་སྨན་ཁང་དུ་ཟུར་བཀག་གིས་བཞག་སྟེ་བདེ་སྐྱིད་གླིང་གི་སྨན་ཞབས་རྣམ་པ་ཚོས་ལྟ་རྟོག་བྱེད་མུས་ཡིན་པ་དང་། ད་ལྟའི་ཆར་ནད་པ་གནས་སྟངས་ཛ དྲག་ཅན་སུ་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱིར་བཏང་ཆོས་སྒར་གྱི་ངོས་ནས་ཕྱི་ནང་འགྲོ་བསྐྱོད་སོགས་ཀྱི་ཐད་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་དང་། དགོན་པའི་ལས་གཉེར་བ་རྣམ་པ་ཚོ་ཕྱིར་བསྐྱོད་མི་བྱེད་ཀ་མེད་ཡིན་པ་བཅས་ལ་བརྟེན་འདས་པའི་ཉིན་གྲངས་བཅུ་ཙམ་གྱི་སྔོན་དུ། ནད་དུག་ཕོག་པའི་ནད་པ་ཞིག་ཐོན་པ་ནས་བཟུང་ཆོས་སྒར་ནང་ཡོད་པའི་གྲྭ་མང་གཙོས་ཚང་མ་བརྟག་དཔྱད་བྱས་ཡོད་པ་རེད་འདུག
བདེ་སྐྱིད་གླིང་དུ་ཉེ་བའི་ཆར་ནད་ཡམས་འགོས་ཁྱབ་བྱུང་བའི་ནད་པ་༢༠༠་མ་ཟིན་ཙམ་བྱུང་ཡོད་པའི་ཁྲོད་ནས། སྙིང་དང་གཅིན་པ་མངར་གྱུར་གྱི་ནད་གཞི་ཡོད་པའི་ནད་པ་གཅིག་འདས་གྲོངས་སུ་སོང་ཡོད་པ་དང་། ད་ལྟའི་ཆར་གཞིས་ཆགས་ནང་ཁྱོན་ནད་པ་༨༠་ཙམ་ཡོད་པ་དེ་དག་ལ་དམིགས་བསལ་གྱི་ནད་རྟགས་དང་ཛ་དྲག་ཅན་སུ་ཡང་མེད་ཅེས་ལྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་ནས་འགྲེལ་བརྗོད་གནང་སོང་།
སྤྱིར་བཏང་ད་ལྟའི་ཆར་ལྡེ་ར་ལྡུན་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་གཞིས་ཆགས་ཁག་གི་ནང་། ཁྱོན་ནད་པ་༢༢༥་ཙམ་ཡོད་པ་དང་། དེ་དག་ལ་ས་གནས་སྨན་ཁང་ཁག་གི་སྨན་ཞབས་རྣམ་པ་དང་། སྤྱི་བརྒྱ་ས་གནས་འགོ་འཛིན་བཅས་ནས་དམིགས་བསལ་ལྟ་རྟོག་བྱེད་མུས་ཡིན་པ་རེད་འདུག་ལ། གཞིས་སྒར་ཁག་གི་ནང་ཕྱི་ནང་འགྲོ་སྐྱོད་ཐད་བཀག་སྡོམ་ཀྱི་མཚོན་པའི་སྔོན་འགོག་གི་ལས་དོན་ཁག་སྤེལ་མུས་ཡིན་པ་རེད་འདུག
དེ་བཞིན་ད་ལྟ་རང་གནས་ཚུལ་ཐོན་པ་ལྟར་ན། བཞུགས་སྒར་རྡ་རམ་སཱ་ལར་འདི་ཚེས་༣་ཉིན་ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་༡༢་ཐོན་ནས། ད་ལྟ་རྡ་རམ་སཱ་ལའི་ནད་པའི་གྲངས་འབོར་དེ་༡༤༠་བར་འཕར་ཡོད་པ་རེད།
གནས་སྟངས་དེའི་འོག་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་བའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་། ལྷག་པར་རྒྱ་གར་ནང་བོད་མི་གནས་སྡོད་བྱེད་ཡུལ་བཞུགས་སྒར་རྡ་རམ་སཱ་ལ་དང་། ཝ་ར་ཎ་སི། ལྡེ་ར་ལྡུན། ཧོན་སུར། ཨོ་རིས་ས་བཅས་གཞིས་ཆགས་ཁག་ལྔ་ཡི་ནང་དུ་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་སྡུག་པོ་ཡོད་པར། འཕྲོད་བསྟེན་ལས་ཁུངས་ལ་འབྱོར་བའི་གྲངས་ཐོ་གཞིགས་བཟུང་བྱས་ན། ནད་ཡམས་ཁྱབ་གདལ་བྱུང་བ་ནས་འདི་ཚེས་༣བར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་༢༥༨༤་ཐོན་པའི་ཁྲོད་ནས་བོད་མི་༥༩་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
རྒྱ་གར་ནང་ནད་ཡམས་ཁྱབ་གདལ་བྱུང་བ་ནས་ཕྱི་ཟླ་༥་བའི་ཚེས་༣་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་བཅུ་དགུ་དང་འབུམ་དགུ་བརྒལ་ནས་མི་གྲངས་འབུམ་གཉིས་དང་ཁྲི་གཅིག་ལྷག་འདས་གྲོངས་སུ་ཕྱིན་ཡོད།
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༣་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་ལྔ་གཉིས་དང་འབུམ་དགུ་ལྷག་བྱུང་བའི་ཁྲོད། མི་གྲངས་ས་ཡ་གསུམ་དང་འབུམ་གཉིས་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་གཟབ་གནང་དགོས་བ་ཉི་ཧོང་དུ་གསུངས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎