རྒྱ་གར་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་ཁག་ནང་སྲོག་འཛིན་རླུང་ལ་བརྟེན་དགོས་པའི་ཛ་དྲག་ནད་པ་ཉི་ཤུ་འདུག

2021-05-12
Share
རྒྱ་གར་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་ཁག་ནང་སྲོག་འཛིན་རླུང་ལ་བརྟེན་དགོས་པའི་ཛ་དྲག་ནད་པ་ཉི་ཤུ་འདུག བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ནད་པ་བརྟག་དཔྱད་བྱེད་བཞིན་པ། 5/12/21
བློ་བཟང་། /RFA

རྡ་རམ་སཱ་ལར་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་བའི་གྲངས་འབོར་འཕར་བཞིན་པ་དང་རྒྱ་གར་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་ཁག་ནང་སྲོག་འཛིན་རླུང་ལ་བརྟེན་དགོས་པའི་ཛ་དྲག་ནད་པ་ཉི་ཤུ་ཡོད་འདུག
ད་སྐབས་རྒྱ་གར་རྒྱལ་ཡོངས་སུ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་ཚ་རླབས་གཉིས་པ་དེ་འཕྱུར་བཞིན་པའི་སྐབས་འདིར། རྒྱ་གར་ལྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ནང་ནད་པ་མང་པོ་ཞིག་བྱུང་དང་འབྱུང་མུས་ཡིན་པ་དང་། ལྷག་པར་དུ་ད་ལྟའི་ཆར་སྲོག་འཛིན་རླུང་ལ་བརྟེན་དགོས་པའི་ཛ་དྲག་ཅན་གྱི་ནད་པ་ཉི་ཤུ་ཡོད་པ་ལྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཟླ་༥་ཚེས་༩་རེས་གཟའ་ཉི་མ་ནས་རེས་གཟའ་ལྷག་པ་བར་ཉིན་རེར་ལོ་ན་བཞི་བཅུ་ཞེ་ལྔ་ནས་བདུན་ཅུ་དོན་ལྔ་བར་གྱི་ནད་པ་རེ་འདས་གྲོངས་སུ་ཕྱིན་ཡོད་འདུག
རིམས་ནད་ཀྱི་ཚ་རླབས་གཉིས་པའི་སྐབས་འདིར་ནད་པ་རྣམས་ལ་ཛ་དྲག་ཆེ་ཤོས་དང་དཀའ་ངལ་ཆེ་ཤོས་ཤིག་ནི་དབུགས་འབྱིན་རྔུབས་མི་ཐུབ་པ་དེ་ཡིན་དུས་སྲོག་འཛིན་རླུང་གི་སྨན་བཅོས་ཡོ་ཆས་ལ་བརྟེན་དགོས་པའི་ནད་པ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། ས་གནས་འགོ་འཛིན་གཙོས་མི་མང་ཡོངས་ནས་འཕྱར་གྲུ་མཉམ་འདེགས་ཀྱིས་ད་ལྟའི་ཆར་སྲོག་འཛིན་རླུང་གི་ཡོ་ཆས་ཁྱོན་༨༠་ལྷག་མཁོ་སྒྲུབ་བྱེད་ཐུབ་པ་བྱུང་ཡོད་འདུག
ལྡེ་ར་ལྡུན་ཁུལ་དུ་སྤྱི་ཟླ་བཞི་པའི་ཚེས་བཅུ་དྲུག་ཙམ་ནས་ནད་པ་གསར་པ་ཐོན་པའི་འགོ་བརྩམས་ཡོད་པ་དང་། ད་ལྟའི་ཆར་ནད་པ་རྣམས་དྲག་བསྐྱེད་འགྲོ་རིམ་བཞིན་ནད་དུག་ཕོག་པའི་ནད་པ་གསར་པ་མང་པོ་ཞིག་ཐོན་མུས་ཡིན་པ་རེད་འདུག ད་སྐབས་བདེ་སྐྱིད་གླིང་དང་མ་སུ་རི། ས་སྐྱ་ཆོས་སྒར་བཅས་སུ་ནད་པ་ཉུང་དུ་ཕྱིན་ཡོད་ནའང་། དོན་འགྲུབ་གླིང་དང་དྷ་ར་ཝ་ལའི་བོད་མིའི་གཞིས་སྒར་བཅས་སུ་ནད་པ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ད་ལྟའི་ཆར་ལྡེ་ར་ལྡུན་ཁུལ་དུ་ནད་པ་ཁྱོན་སུམ་བརྒྱ་ལྷག་ཡོད་པ་རེད་འདུག
སྤྱིར་སྟངས་རྒྱ་གར་རྒྱལ་ཡོངས་སུ་སྲོག་འཛིན་རླུང་གི་ཡོ་ཆས་ཀྱིས་མི་འདང་བའི་དཀའ་ངལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་དུས། ལྡེ་ར་ལྡུན་ཁུལ་གྱི་བོད་མི་རྣམས་ཀྱི་ཆེད་དུ་འབྲི་གུང་ཆེ་ཚང་རིན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་བཞིན་འབྲི་གུང་དགོན་ནས་ཧིན་སྒོར་འབུམ་བདུན་གྱི་རོགས་རམ་གནང་ཡོད་པ་མ་ཟད། བོད་ཀྱི་ཐེབས་རྩ་ཁང་ནས་སྲོག་འཛིན་རླུང་གི་ཡོ་ཆས་དང་། དབོར་འདྲེན་བྱེད་སའི་རླངས་འཁོར་ཉོ་སྤྱད་ཧིན་སྒོར་འབུམ་ཉི་ཤུ་ཙམ་གྱིས་རོགས་རམ་དང་། དེ་བཞིན་བདེ་སྐྱིད་གླིང་གཙོས་ས་གནས་ཀྱི་བོད་མི་མང་པོ་ཞིག་གིས་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད་པ་རེད་འདུག
གཞན་ད་ལྟའི་ཆར་བཞུགས་སྒར་རྡ་རམ་སཱ་ལར་ཡང་ཀོཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གྲངས་འབོར་འཕར་བཞིན་པར་བརྟེན་ས་གནས་བདེ་དོན་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་མཉམ་རུབ་ཀྱིས་ཕྱོགས་གང་ས་ནས་རོགས་རམ་གནང་བཞིན་ཡོད་པ་དང་། ལྷག་དོན་བོད་མི་ནད་པ་ཚོ་ལོགས་སུ་ཟུར་བཀག་བྱེད་ས་དཀོན་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་མགྲོན་ཁང་རིན་མེད་ཟུར་བཀག་ཁང་དུ་བསྒྱུར་ནས་རོགས་རམ་བྱེད་བཞིན་ཡོད་འདུག
རྡ་རམ་ས་ལ་ས་གནས་འགོ་འཛིན་ཀུན་དགའ་ལགས་ནས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལོ་སྤྱི་ཟླ་༤་པའི་ཟླ་མཇུག་ནས་བཟུང་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བོད་མི་༣༥༠་ཙམ་ལ་ནད་ཡམས་ཕོག་ཟིན་པ་དང་། ཉིན་རེར་ཆ་སྙོམས་བོད་མི་༡༠་རེ་ལ་ཏོག་དབྱིབས་ནད་ཡམས་འགོས་བཞིན་པ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་དང་། ཤུག་གསེབ་བཅས་སུ་ཟུར་བཀག་ཁང་བཟོས་གནང་ཡོད་ནའང་མུ་མཐུད་དུ་དཀའ་ངལ་འཕྲད་བཞིན་པ་རེད་འདུག
སྤྱི་ཚེས་༡༢་ཉིན་གྱི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གནས་ཚུལ་གཞིར་བཟུང་ན། ད་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། བོད་མི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༣༢༦༩་ཐོན་པ་དང་། བོད་མི་༧༢་རྐྱེན་འདས་སུ་གྱུར་ཟིན་པ། ད་ལྟ་ནད་མནར་༡༡༢༨་ཡོད་འདུག
དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དུ་ཡང་གློ་བུར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་ཚད་ཤུགས་ཆེན་འཕར་བཞིན་པ་དང་། བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པའི་གྲངས་འབོར་འཕར་ནས་དཀའ་ངལ་འཕྲད་བཞིན་པ་རེད།
རྒྱ་གར་ནང་ནད་ཡམས་འགོས་ཁྱབ་བྱུང་བ་ནས་ཕྱི་ཟླ་༥་བའི་ཚེས་༡༢་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་ཉི་ཤུ་རྩ་གསུམ་དང་ལྔ་འབུམ་ལྔ་ཁྲི་ལྷག་བརྒལ་ནས་དེའི་ཁྲོད་མི་གྲངས་འབུམ་གཉིས་དང་ལྔ་ཁྲི་དྲུག་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད།
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༡༢་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་དྲུག་ཅུ་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་གསུམ་དང་གསུམ་འབུམ་གསུམ་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།