སེར་བྱེས་གྲྭ་ཚང་དུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་དགེ་འདུན་པ་༥༥་ཐོན་འདུག

2021-05-21
Share
སེར་བྱེས་གྲྭ་ཚང་དུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་དགེ་འདུན་པ་༥༥་ཐོན་འདུག སེར་བྱེས་གྲྭ་ཚང་གི་དགེ་འདུན་པ་རྒན་པ་ཚོར་ནད་ཡམས་འགོག་ཁབ་རྒྱབ་པའི་སྐབས། ༣།༡༥།༢༡
Sera Jey

རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བརྒྱ་བརྒལ་ཡོད་པ་དང་སེར་བྱེས་གྲྭ་ཚང་དུ་ནད་པ་༥༥་ཐོན་འདུག
ཉེ་ལམ་ནས་རྒྱ་གར་རྒྱལ་ཡོངས་སུ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཀྱི་ཚ་རླབས་གཉིས་པ་དེ་འཕྱུར་བཞིན་པའི་སྐབས་འདིར། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡང་ནད་ཡམས་དེ་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ད་ཆ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེར་བྱེས་ཚ་བ་ཁམས་ཚན་གཙོས་སེར་བྱེས་གྲྭ་ཚང་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་འགོས་ཟིན་པའི་ནད་པ་མི་གྲངས་༥༥་ཙམ་ཐོན་ཡོད་པ་དང་། དེའི་ཁྲོད་ནས་ཁྲག་ཤེད་སོགས་ཀྱི་ན་ཚ་ཡོད་པའི་ནད་པ་གཅིག་ཏོག་དབྱིབས་འགོས་ནད་ཀྱི་རྐྱེན་བྱས་ནས་འདས་གྲོངས་སུ་གྱུར་འདུག
དེའི་སྐོར་ཞིབ་ཕྲའི་གནས་ཚུལ་སེར་བྱེས་ནད་ཡམས་སྔོན་འགོག་ཛ་དྲག་ཚོགས་ཆུང་དང་། དེ་བཞིན་དགོན་པའི་འབྲེལ་ཡོད་མི་སྣ་ཁག་བཞི་ཙམ་ལ་ཞལ་པར་བརྒྱུད་བཅར་འདྲི་བྱེད་ཐབས་བྱས་ཀྱང་དང་ལེན་གནང་མ་བྱུང་།
གཞན་སེར་སྨད་མཁན་རིན་པོ་ཆེ་ལགས་སུ་ཞལ་པར་བརྒྱུད་བཅར་འདྲི་ཞུས་སྐབས། ད་ལྟའི་ཆར་སེར་སྨད་གྲྭ་ཚང་ནང་ནད་ཡམས་འགོས་ཁྱབ་ཀྱི་དཀའ་ངལ་དེ་ཙམ་མེད། ཡིན་ན་ཡང་སྔོན་འགོག་ཆེད་གནས་སྐབས་སེ་ར་གླིང་སྤྱི་ཡོངས་འགྲོ་བསྐྱོད་བཀག་སྡོམ་འོག་ཡོད་པ་གསུང་བྱུང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་ཡམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གནས་ཚུལ་གཞིར་བཞག་ན། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་དུ་བསྡོམས་བོད་མི་༦༣༦་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་དང་། མི་གྲངས་བཅོ་བརྒྱད་འདས་གྲོངས་སུ་གྱུར་ཡོད་ཅིང་། འདི་ཚེས་༢༡་བར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། བོད་མི་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་བ་མི་གྲངས་༤༠༡༣་ཐོན་པ་དང་། བོད་མི་༡༠༡་རྐྱེན་འདས་སུ་གྱུར་ཟིན་པ། ད་ལྟ་ནད་མནར་༡༥༢༤་ཡོད་འདུག
དེ་བཞིན་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་དུ་ཡང་གློ་བུར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་ཚད་ཤུགས་ཆེན་འཕར་བཞིན་པ་དང་། བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པའི་གྲངས་འབོར་འཕར་ནས་དཀའ་ངལ་འཕྲད་བཞིན་པ་རེད།
རྒྱ་གར་ནང་ནད་ཡམས་འགོས་ཁྱབ་བྱུང་བ་ནས་ཕྱི་ཟླ་༥་བའི་ཚེས་༢༡་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་ཉི་ཤུ་རྩ་དྲུག་དང་གཉིས་འབུམ་དྲུག་ཁྲི་ལྷག་བརྒལ་ནས་དེའི་ཁྲོད་མི་གྲངས་འབུམ་གཉིས་དང་དགུ་ཁྲི་ལྔ་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༡༢་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་དྲུག་ཅུ་རེ་ལྔ་དང་འབུམ་དྲུག་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་གསུམ་དང་བཞི་འབུམ་གསུམ་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།