བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་ཏོག་དབྱིབས་ནད་པ་༤༧་ཙམ་ཐོན་འདུག

2021-05-26
Share
བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་དུ་ཏོག་དབྱིབས་ནད་པ་༤༧་ཙམ་ཐོན་འདུག བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭ།
Tenzin Jamphel

རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བརྒྱ་བརྒལ་ཡོད་པ་དང་རྣམ་རྒྱལ་གྲྭ་ཚང་དུ་ཏོག་དབྱིབས་ནད་པ་༤༧་ཙམ་ཐོན་འདུག
དེ་ཡང་རྣམ་རྒྱལ་གྲྭ་ཚང་དུ་ཏོག་དབྱིབས་ནད་པ་༤༧་ཙམ་ཐོན་ཡོད་པའི་ཁྲོད་ནས། ཆུང་ཤོས་ལོ་ན་༧་ཙམ་ནས་ཆེ་ཤོས་ལོ་༥༧་ཡིན་པ་དང་། ནད་པ་མང་ཆེ་བ་གྲྭ་ཆུང་སློབ་ཕྲུག་དང་ལས་བྱེད་པ་སོགས་ཡིན་པ་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གཞུང་འབྲེལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་སྡེ་ཚན་གྱིས་བརྗོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། བཞུགས་སྒར་རྣམ་རྒྱལ་གྲྭ་ཚང་ལ་སྡེ་ཚན་གཉིས་ཡོད་ཅིང་། གཅིག་ནི་གྲྭ་ཚང་གི་ཚང་རྒྱུགས་ཡོངས་སུ་ཟིན་པའི་དགེ་འདུན་པའི་ཚན་པ་གཅིག་དང་། གཞན་དེ་གྲྭ་ཚང་གི་སློབ་གྲྭ་ཡིན་པ་རེད། ད་རེས་ཀོ་ཝིཌ་ ༡༩་ཏོག་དབྱིབས་ནད་ཡམས་ཕོག་པ་དེ་དག་མང་ཆེ་བ་སློབ་གྲྭའི་ཁྱབ་ཁྱོངས་ཀྱི་གསར་ཞུགས་གྲྭ་ཆུང་དང་སློབ་གྲྭའི་ལས་བྱེད་པ་ཡིན་འདུག
ཕྱི་ཟླ་ ༥ ་ཚེས་ ༢༦ ་ཉིན་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་སོགས་རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭར་ཆེད་བསྐྱོད་ཀྱིས་བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་ཞུས་འབྲས་སུ། ནད་ཡམས་ཕོག་པའི་གསར་ཞུགས་དགེ་འདུན་པ་དེ་དག་སུ་ལ་ཡང་ནང་རྟགས་རྩ་བ་ནས་མེད་པ་ཤེས་རྟོགས་བྱུང་འདུག
ཀངྒ་ར་རྫོང་གི་སྤྱི་ཁྱབ་པ་གཞོན་པ་ར་ཀེཤ་པརཱ་ཇ་པ་ཏི་ལགས་ཀྱིས་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ལ། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་འབོར་ཆེ་ཞིག་ལ་ཏོག་དབྱིབས་ཕོག་པ་བདེན་པ་ཡིན་པ་དང་། དགེ་འདུན་པ་དེ་དག་གྲྭ་ཚང་རང་གི་ནང་ཟུར་བཀག་ཐོག་གནས་ཡོད་པ་གསུངས་འདུག
ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ན་ ༤༣ ་ལ་སོན་པ་གཅིན་སྙིའི་ན་ཚ་ཡོད་མཁན་གྱི་ལས་བྱེད་པ་ཞིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་པ་ཟུར་འཇོག་བྱ་ཡུལ་སྣེ་ལེན་ཁང་དུ་བསྐྱེལ་འདུག
ཀངྒ་ར་རྫོང་དཔོན་གཞོན་པས་གསུངས་པ་ལྟར་ན། ཕྱི་ཟླ་༥་ཚེས་༢༠་ཉིན་རྣམ་རྒྱལ་གྲྭ་ཚང་ཁྱབ་ཁོངས་ཀྱི་མི་གཉིས་ལ་ཏོག་དབྱིབས་ནད་ཡམས་ཕོག་པ་ཤེས་འཕྲལ། ཕྱི་ཚེས་ ༢༤ ་ཉིན་གྲྭ་ཚང་གི་དགེ་འདུན་པ་དང་སློབ་ཕྲུག དེ་བཞིན་ལས་བྱེད་པ་སོགས་ཁྱོན་མི་གྲངས་༢༢༢་ལ་ནད་ཡམས་ཡོད་མེད་བརྟག་དཔྱད་ཞུས་འབྲས་སུ། ཕྱི་ཚེས་ ༢༥་ཉིན་མི་གྲངས་ ༤༣ ་ལ་ནད་ཡམས་དེ་འགོས་ཡོད་པ་ཐོན་འདུག་ལ། ཕྱི་ཚེས་ ༢༦ ་ཉིན་ནད་ཡམས་ཕོག་པའི་མི་གྲངས་བཞི་འཕར་འདུག
ཆུང་ཤོས་ལོ་ ༧ ་དང་། ཡང་རྒན་པ་བེུད་ལོ་ ༥༣ ་ལ་སོན་པ་ཞིག་གི་སྲོག་རླུང་ཚད་གཞི་བརྒྱ་ཆ་ ༩༣ ་ཙམ་ལ་སླེབས་སྟབས་བདེ་ལེགས་སྨན་ཁང་གི་ཀོ་ཝིཌ་༡༩ སྨན་བཅོས་ཁང་ནང་བསྐྱེལ་ཡོད་པ་འགྲེལ་བརྗོད་གནང་འདུག
རྒྱ་གར་ས་གནས་གཞུང་གིས་བཀོད་ཁྱབ་ལྟར་གནས་སྐབས་རྣམ་རྒྱལ་གྲྭ་ཚང་ནས་མི་ཕར་འགྲོ་ཚུར་འོང་མི་ཆོག་པ་བཟོས་འདུག
རྣམ་རྒྱལ་གྲྭ་ཚང་ནི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་བཅར་གྲྭ་ཚང་ཡིན་པར་བརྟེན། ཆོས་ཕྱོགས་ཀྱི་ཞབས་ཞུ་མང་དག་ཞིག་སྒྲུབ་རྒྱུའི་ལས་འགན་ཡོད་པ་རེད། ཡིན་ན་ཡང་འདས་པའི་ལོ་གཅིག་ཙམ་ནས་༧རྒྱལ་བའི་ཕོ་བྲང་གི་ཁོར་ཡུག་ནང་ཕྱི་མི་གང་བྱུང་འགྲོ་བསྐྱོད་མི་ཆོག་པ་ལ་སོགས་པ་དམ་དྲག་སྲུང་སྐྱོབ་ཆེན་པོ་ཞུ་བཞིན་ཡོད་པ་ལྟར། རྣམ་རྒྱལ་གྲྭ་ཚང་གི་ཕྱོགས་ནས་ཀྱང་དམ་དྲག་སྲུང་སྐྱོབ་ཀྱི་ཞུ་སྒོ་ཁག་ལ་དམ་འཛིན་ཞུ་མུས་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།