རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གོ་མཚོན་ལྟ་བུར་བེད་སྤྱོད་བྱེད་རྒྱུའི་ངན་ཇུས་འཐེན་འདུག

2021-05-11
Share
རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གོ་མཚོན་ལྟ་བུར་བེད་སྤྱོད་བྱེད་རྒྱུའི་ངན་ཇུས་འཐེན་འདུག རྒྱ་ནག་ཝུའུ་ཧན་གྱི་རྫས་འགྱུར་ཚོད་ལྟ་ཁང་གི་ནང་། ༢༠༡༧
AFP

ཕྱི་གྱར་བྱུང་བའི་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ལྟར་ན་རྒྱ་ནག་གཞུང་གིས་དེ་སྔ་ཏོག་དབྱིབས་ནད་འབུ་གོ་མཚོན་ལྟ་བུར་བེད་སྤྱོད་བྱེད་རྒྱུའི་ངན་ཇུས་འཐེན་འདུག
རྒྱ་ནག་ནས་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་ལ་མ་ཁྱབ་གོང་། ཕྱི་ལོ་ ༢༠༡༥་ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་དེ་གོ་མཚོན་ལྟ་བུར་བེད་སྤྱོད་དང་། འཛམ་གླིང་གི་དམག་ཆེན་གསུམ་པ་དེ་ཡང་རྫས་སྦྱོར་བེད་སྤྱོད་ཐོག་བརྒྱག་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་པ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཤེས་རྟོགས་བྱུང་འདུག
རྒྱ་ནག་གི་བཅིངས་གྲོལ་དམག་མིས་ཧ་ཅང་ཚབས་ཆེ་བའི་ངན་བྱུས་ལྡན་པའི་སྔོན་དཔག་བྱས་བ་དེ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་བརྒྱུད་ཐོག་མར་ཨོསི་ཀྲི་ལི་ཡའི་(The Australian)་ཞེས་པའི་གསར་ཤོག་གིས་གནས་ཚུལ་འདོན་སྤེལ་གནང་རྗེས། དབྱིན་ཇིའི་(The Sun)་ཞེས་པའི་གསར་ཤོག་ལ་སོགས་པས་དོ་སྣང་ཆེན་པོས་གནས་ཚུལ་འདོན་སྤེལ་གནང་ཡོད་པ་རེད།
གནས་ཚུལ་ནང་། ཨ་མི་རི་ཀའི་གཞུང་གི་དཔོན་རིགས་རྣམས་ཀྱིས་རྒྱ་ནག་གི་ཧ་ཅང་ཚབས་ཆེ་བའི་ངན་བྱུས་དེ་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་གང་ནས་བྱུང་ཡོད་མེད་ཐད་ཞིབ་འཇུག་སྐབས་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ནི་ཕྱི་ལོ་༢༠༡༥་ལོར་རྒྱ་ནག་གཞུང་གི་འཕྲོད་བསྟེན་དཔོན་རིགས་མཐོ་གྲས་དང་དྲག་པོའི་དམག་དཔུང་གི་ཚན་རིག་པ་ཚོས་བྲིས་པའི་ཡིག་ཆ་ཁག་ལག་སོན་བྱུང་བ་ནས་ཤེས་རྟོགས་བྱུང་ཡོད་པ་རེད་འདུག
ཏོག་དབྱིབས་ནད་འབུ་དང་འབྲེལ་བའི་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་དེ་དག་ནང་། ཏོག་དབྱིབས་ནད་འབུ་ཁག་འགྲོ་བ་མིར་བེད་སྤྱོད་བྱེད་ཐུབ་པའི་ནད་འབུར་བསྒྱུར་ཐབས་དང་། དེ་དག་ལག་ཆར་བེད་སྤྱོད་ཀྱིས་དེ་སྔ་བྱུང་མྱོང་མེད་པའི་ཐོག་རྒྱ་ཁྱབ་ཤུགས་ཆེར་གཏོང་རྒྱུའི་སྐོར་སོགས་བཀོད་ཡོད་པ་རེད་འདུག
ཨོསི་ཀྲི་ལི་ཡའི་དམག་འཐབ་དང་འབྲེལ་བའི་སྲིད་བྱུས་ཉམས་ཞིབ་སློབ་གཉེར་ཁང་(Australian Strategic Policy Institute)་ཞེས་པའི་འགན་འཛིན་སྐུ་ཞབས་(Peter Jennings)ཡིས། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་ཞིབ་འཇུག་ཡིག་ཆ་དེས། རྒྱ་ནག་གཞུང་གིས་དེ་སྔོན་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་ས་གནས་གས་ནས་བྱུང་ཡོད་མིན་རྩད་ཞིབ་ཐོག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་མཉམ་ལས་བྱེད་རྒྱུར་འཛེམས་ཟོན་བྱས་བ་དེ་ནས་ར་སྤྲོད་གསལ་པོ་ཆགས་ཀྱི་ཡོད་པའི་སྐོར་གསུང་འདུག
ཨོསི་ཀྲི་ལི་ཡའི་(The Australian)་ཞེས་པའི་གསར་ཁང་གི་དྲ་རྒྱའི་སྲུང་སྐྱོབ་ཀྱི་གནད་དོན་ཐོག་མཁས་པ་སྐུ་ཞབས་(Robert Potter)་ལགས་ཀྱིས་ཡིག་ཆ་དེ་ཁུངས་ལྡན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།