ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་འཛམ་གླིང་ནང་ད་དུང་ཛ་དྲག་ཡིན་པས་གཟབ་དགོས་ཟེར།

2022.04.14
Share on WhatsApp
Share on WhatsApp
ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་འཛམ་གླིང་ནང་ད་དུང་ཛ་དྲག་ཡིན་པས་གཟབ་དགོས་ཟེར། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ཝུའུ་ཧན་དུ་འབྱོར་སྐབས། ༠༡།༡༤།༢༠༢༡
AP

དེ་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་མཁས་པ་ཚོས་(Covid-19)་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་ད་དུང་འཛམ་གླིང་ཁྱོན་དུ་ཛ་དྲག་ངང་གནས་ཡོད་པ་ནན་བརྗོད་གནང་ཡོད་པ་དང་། དེ་ནི་ཚེས་༡༣་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་(Covid-19)་ཏོག་དབྱིབས་ནད་ཡམས་ཀྱི་སྐོར་ལ་ཛ་དྲག་གི་ཚོགས་འདུ་ཞིག་འཚོགས་སྐབས་ཆེད་མཁས་བ་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱིས་ཐག་གཅོད་བྱུང་དོན་བཞིན་གསུངས་བ་ཡིན་འདུག
དེང་སང་འཛམ་གླིང་གི་ས་གནས་གང་སར་(Covid-19)་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་དང་དཀའ་ངལ་ཅན་དུ་གནས་མུས་ཡིན་ཡང་། ཡུལ་ལུང་དང་ས་གནས་མང་པོའི་ནང་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་ཐབས་མང་པོ་ཞིག་སྐྱུར་བ་དང་ལྷོད་གཡེང་གི་རྣམ་པ་ཡོད་པ་དེ་ཚོ་ངེས་པར་དུ་མཚམས་འཇོག་གིས་ད་དུང་མུ་མཐུད་ནད་ཡམས་སྔོན་འགོག་གི་བྱ་ཐབས་ལག་ལེན་བྱ་དགོས་པའི་འབོད་སྐུལ་གནང་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་ལས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་(Didier Houssin)་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་གསུངས་པར། ཡུལ་ལུང་མང་པོར་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་བྱ་ཐབས་ཐད་ལྷོད་གཡེང་བྱེད་བཞིན་འདུག ཡིན་ན་ཡང་སྔོན་འགོག་གི་བྱ་ཐབས་སྐྱུར་རྒྱུའི་དུས་ལ་སླེབས་མེད། ནད་ཡམས་སྔོན་འགོག་གི་བྱ་ཐབས་མུ་མཐུད་དུ་ལག་བསྟར་གནང་དགོས་རྒྱུ་གལ་ཆེ་དོན་ཆེན་ཡིན་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དབུ་འཛིན་(Tedros Adhanom Ghebreyesus)་ལགས་ཀྱིས་གསུངས་པར། ང་ཚོས་འདས་པའི་དུས་ཡུན་རིང་ལ་ཏོག་དབྱིབས་ནད་ཡམས་ཀྱི་སྙན་ཐོའི་སྐོར་གྲོས་བསྡུར་མང་པོ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ད་ཆ་རྒྱ་ནག་སོགས་ས་གནས་མང་པོའི་ནང་(Covid-19)་ཏོག་དབྱིབས་རིམས་ནད་དང་། དེའི་རྣམ་པ་འགྱུར་བའི་རིམས་ནད་(Omicron)་སོགས་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་མང་པོ་ཐོན་བཞིན་ཡོད་པས། རྩ་བའི་རྒྱལ་སྤྱིའི་ནང་ཐོག་མར་ཏོག་དབྱིབས་ནད་ཡམས་ཐོན་པ་ནས་བཟུང་། ད་སྐབས་ནད་ཡམས་ཁྱབ་གདལ་ཇེ་ཉུང་དུ་འགྲོ་བཞིན་ཡོད་རུང་། ང་ཚོས་ལྷོད་གཡེང་གི་བྱེད་སྟངས་དེ་དོར་དགོས། ད་དུང་ནད་ཡམས་འདི་འཛམ་གླིང་ཁྲོད་གནས་སྟངས་ཛ་དྲག་ངང་གནས་མུས་ཡིན། སྔོན་འགོག་གི་ལས་དོན་མུ་མཐུད་དུ་སྤེལ་དགོས་བའི་ནན་བརྗོད་བྱས་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།