ནད་ཡམས་རྐྱེན་གནས་སྐབས་རྒྱུད་སྟོད་གྲྭ་ཚང་དུ་འགྲོ་འོང་བཀག་སྡོམ་བྱས་འདུག

2021-02-26
Share
ནད་ཡམས་རྐྱེན་གནས་སྐབས་རྒྱུད་སྟོད་གྲྭ་ཚང་དུ་འགྲོ་འོང་བཀག་སྡོམ་བྱས་འདུག རྒྱུད་སྟོད་གྲྭ་ཚང་། ༼ཟླ་ཚེས་མི་གསལ
RFA file

རྒྱུད་སྟོད་གྲྭ་ཚང་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༦་ཐོན་ཡོད་པ་དང་ས་གནས་གཞུང་གིས་བཀག་སྐྱིལ་ཅན་གྱི་ས་ཁུལ་དུ་གསལ་བསྒྲགས་བྱས་འདུག
ཉེ་ཆར་ནས་བཟུང་སྟེ་ཕྱི་ཟླ་ ༢ ཚེས་ ༢༦ རྒྱ་གར་བཞུགས་སྒར་རྡ་རམ་སཱ་ལའི་ཉེ་འགྲམ་དུ་ཡོད་པའི་རྒྱུད་སྟོད་གྲྭ་ཚང་དུ་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༦ཐོན་འདུག་ཅིང་། རྡ་རམ་སཱ་ལའི་ས་གནས་རྫོང་དཔོན་གཞོན་པའི་ལས་ཁུངས་(Office of the sub divisional Magistrate)ནས་གནས་སྐབས་རྒྱུད་སྟོད་གྲྭ་ཚང་དེ་བཞིན་འགྲོ་འོང་མི་ཆོག་པར་བཀག་སྐྱིལ་ཅན་གྱི་ས་ཁུལ་དུ་གསལ་བསྒྲགས་བྱས་འདུག་ལ། ཕྱི་ཟླ་ ༣ ཚེས་༡༠བར་གྲྭ་ཚང་དུ་མི་འགྲོ་འོང་མི་ཆོག་པ་དང་། ཕྱིར་ཛ་དྲག་གིས་འགྲོ་དགོས་རིགས་ལ་ངོ་སྤྲོད་ལག་འཁྱེར་དང་། ཁ་པར་ཨང་གྲངས། སྣུམ་འཁོར་ཨང་གྲངས་སོགས་ཐོ་འགོད་བྱས་བའི་ཐོག་ནས་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག
དཔལ་ལྡན་རྒྱུ་སྟོད་གྲྭ་ཚང་གི་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་པར་གཞིགས་ན། ཕྱི་ཚེས་ ༢༧ ནས་བཟུང་རྒྱུ་སྟོད་གྲྭ་ཚང་གི་དགེ་འདུན་པ་ཡོངས་ལ་བརྟད་དཔྱད་ཞུ་རྒྱུ་ཡིན་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོང་དུ་བཟའ་ཚང་གཉིས་ལ་ཡང་ཏོག་དབྱིབས་རིམས་ནད་འགོས་འདུག་ཅིང་། འོན་ཀྱང་ཁོང་གཉིས་ལ་ནད་རྟགས་གང་ཡང་མེད་པ་རེད། བཟའ་ཚང་གཉིས་ལ་འཕྲོད་བསྟེན་ལས་ཁུངས་དང་། བདེ་ལེགས་སྨན་ཁང་། ས་གནས་འགོ་འཛིན་ལས་ཁུངས་བཅས་ཀྱིས་མཐུན་འགྱུར་རོགས་རམ་གནང་རྒྱུའི་བཀའ་བསྡུར་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བར་ལམ་ཞིག་ནས་རྒྱ་གར་ནང་ཀོ་ཝིཌ་༡༩ ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་དེ་དྲག་དུ་ཕྱིན་ཡོད་ཀྱང་། འདས་པའི་བདུན་ཕྲག་ཅིག་གི་ནང་རིམས་ནད་ཀྱི་ངོ་བོ་འགྱུར་བའི་ནད་ཡམས་ཐོན་པ་སོགས། རྒྱ་གར་གྱི་མངའ་སྡེ་མ་ཧ་རཤ་ཏྲ་དང་(Maharastra) ཀེ་ར་ལ་(Kerala) ཆ་ཏིསི་གྷརཧཱ་(Chatisgragh) མ་དྷྱ་པར་དྷེཤེ་(Madaya Pradesh) པཱན་ཇབ་(Punjab)སོགས་མངའ་སྡེ་ཁག་ཅིག་གི་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་སྟང་ཛ་དྲག་ཏུ་ཕྱིན་ཡོད་འདུག
ད་བར་རྒྱ་བལ་འབྲུག་གསུམ་ནང་ཏོག་དབྱིབས་རིམས་ནད་འགོས་པའི་བོད་མི་ནད་པ་གྲངས་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་ཐོན་ཡོད་པའི་ཁོངས་ནས། བརྒྱ་ཆ་དགུ་བཅུ་ལྷག་དྲག་སྐྱེས་བྱུང་ཡོད་པ་མ་ཟད། ཏོག་དབྱིབས་རིམས་ནད་ཀྱི་སྔོན་འགོག་སྨན་ཁབ་ཐོན་པ་བཟུང་ད་བར་བཙན་བྱོལ་བོད་མི་བཞི་བརྒྱ་བརྒལ་བར་འགོག་ཁབ་དེ་རྒྱབ་འདུག
ས་གནས་རྫོང་དཔོན་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར། ཕྱི་ཟླ་ ༣ ཚེས་ ༡༠ བར་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་ཕྱིར་ཐོན་མི་ཆོག་པ་དང་། ཕྱི་མི་ཡར་འཛུལ་མི་ཆོག་པ་ཡིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།