བཞུགས་སྒར་དུ་ཏོག་དབྱིབས་ནད་པ་ཟུར་བཀག་བྱ་ཡུལ་མེད་པའི་དཀའ་ངལ།

2021-04-30
Share
བཞུགས་སྒར་དུ་ཏོག་དབྱིབས་ནད་པ་ཟུར་བཀག་བྱ་ཡུལ་མེད་པའི་དཀའ་ངལ། རྒྱ་གར་ནང་ཏོག་དབྱིབས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ།
ཨེ་ཨེཕ་པི།

རྒྱ་གར་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་ཚུལ་ཇེ་སྡུག་ཏུ་ཕྱིན་པའི་དབང་གིས་རྒྱ་གར་གྱི་སྨན་ཁང་མང་པོ་ཞིག་ཏུ་མིས་ཁེངས་པ་དང་། ལ་ལ་ནི་སྨན་ཁང་གི་ཕྱི་རོལ་དུ་སྨན་བཅོས་བྱེད་བཞིན་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་རྒྱ་གར་བྱང་ཕྱོགས་རྡ་རམ་ལའི་ཁུལ་དུ་ཀོཝི་ཌ་༡༩ ཏོག་དབྱིབས་རིམས་ནད་ཕོག་པའི་བོད་མི་༧༨ ད་ལྟའི་ཆར་ཟུར་བཀག་ཏུ་བཞག་འདུག་པ་མ་ཟད། དུས་རྒྱུན་ཟུར་བཀག་བྱ་ཡུལ་དབུས་སྣེ་ལས་ཁང་དང་བདེ་ལེགས་སྨན་ཁང་ཉེ་འཁྲིས་སུ་ཆགས་པའི་གང་བྷིར་གང་ཇི་བཅས་སུ་ནད་དུག་ཕོག་པའི་བོད་མིས་ཁེངས་པའི་དབང་གིས་ད་སྐབས་ནད་བརྟག་ཡོད་པ་དང་། ནད་པ་དང་འབྲེལ་བ་བྱུང་བའི་བོད་མི་ཚོར་ཟུར་བཀག་བྱ་ཡུལ་མེད་པའི་དཀའ་འཕྲད་བཞིན་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཏོག་དབྱིབས་ནད་དུག་གི་ནད་རླབས་གཉིས་པ་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་ནད་སྲིན་གྱི་རྣམ་པ་གྱུར་ཏེ་དེའི་འགོས་ཚད་ཧ་ཅང་གི་མྱུར་པོ་ཡོད་པའི་ཁར། འཕྲོད་བསྟེན་ཞན་པའི་གང་ཟག་དག་ལ་ཧང་གི་ཉེན་ཁ་ཆགས་ཡོད་ཅིང་། ནད་འབུ་དེ་འགོས་ཚེ་ཚ་བ་བརྒྱབ་པ་དང་། དྲི་མ་བརླགས་པ། དེ་བཞིན་ཟས་ཀྱི་དྲོ་བ་མེད་པ་ཆགས་པ་སོགས་ཡོང་གི་ཡོད་པ་དང་། ད་ལྟའི་ཆར་རྡ་རམ་ས་ལའི་ཁུལ་དུ་ནད་དུག་དེ་ཕོག་སྟེ་དབུགས་གཏོང་ལེན་ཐད་དཀའ་ངལ་འཕྲད་བཞིན་པ་ནད་པ་ཁག་ཅིག་ཡོད་པ་འགྲེལ་བརྗོད་གནང་སོང་།

དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་ཆེ་གྲས་ཁག་གི་སྨན་ཁང་ལ་སྨན་བཅོས་གསོ་རླུང་དང་ནད་པར་ཉལ་ཁྲི་སོགས་འདང་ངེས་མེད་སྟབས་ནད་པ་མང་པོ་ཞིག་ཕྱི་ལ་མི་འཇོག་ཀ་མེད་འབྱུང་བཞིན་འདུག་ཅིང་། འདི་ཚེས་༢༨རེས་གཟའ་ལྷག་པའི་ཉིན་སྔོན་གྱི་ཕྱག་ཚོད་༢༤ ཡི་ནང་ནད་ཡམས་ཕོག་པའི་མི་གྲངས་འབུམ་གསུམ་དང་དྲུག་ཁྲི་ལྷག་བྱུང་ཡོད་པ་དེ་ནི་འཛམ་གླིང་ཁྱོན་ཡོངས་སུ་ཉིན་གཅིག་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་ཚད་མཐོ་ཤོས་དེ་ཆགས་ཏེ་ཧ་ཅང་གི་ཛ་དྲག་ཆགས་འདུག་ལ། སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་ཀྱང་། རྒྱ་གར་ནང་བོད་མིའི་གནས་སྡོད་བྱ་ཡུལ་ས་གནས་མང་ཆེ་བའི་ནང་སྨན་བཅོས་གསོ་རླུང་དང་དགོས་མཁོ་ཆེ་བའི་ཡོ་ཆས་རིགས་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།

གཞི་རྩའི་ཆ་ནས་འདི་ཚེས་༣༠ བར་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཕོག་པའི་བོད་མི་༦༧༠ལྷག་བྱུང་ཞིང་། ནད་དུག་དེའི་རྐྱེན་གྱིས་བོད་མི་༥༣ འདས་གྲོངས་སུ་ཕྱིན་ཡོད་པ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་འདུག

ཡང་འདི་ཚེས་༢༧ རེས་གཟའ་དམིག་དམར་ཉིན་བཞུགས་སྒར་རྡ་རམ་ས་ལ་ཆགས་ཡུལ་ཀངྒ་ར་རྫོང་གི་རྫོང་དཔོན་སྐུབས་ཞབས་Rakesh Prajapati ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྱི་ཟླ་༤ཚེས་༢༧ ཉིན་ནས་བཟུང་སྤྱི་ཟླ་༥པའི་ཚེས་༡༠ བར་ཉིན་གྲངས་༡༤ རིང་མཚན་མོའི་ཁྱིམ་སྡོད་བཀའ་རྒྱ་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་ཞིང་།  ཀངྒ་ར་རྫོང་ཕྱི་ཕྱོགས་ནས་ཕེབས་མཁན་ཚོས་རང་ཉིད་ལ་ནད་དུག་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱས་མེད་པ་ཡིན་ན། ཉིན་གྲངས་༡༤རིང་ཟུར་བཀག་འོག་གནས་དགོས་པ་དང་། ཟུར་བཀག་གི་ཉིན་གྲངས་བདུན་རྗེས་བརྟག་དཔྱད་གནང་སྟེ་ནད་དུག་ཕོག་མེད་པའི་གྲུབ་འབྲས་ཐོན་པ་ཡིན་ན། རང་ཉིད་ཟུར་བཀག་བཞུགས་མི་དགོས་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

ཡང་དེ་སྔོན་སྤྱི་ཟླ་༡པོ་ནས་བཟུང་རྒྱ་གར་ངོས་ནས་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བརྒྱབ་འགོ་བཙུགས་ཡོད་ཀྱང་། རྒྱལ་ཁབ་དེ་ཉིད་ཀྱི་མི་འབོར་ཆེ་དྲགས་པའི་དབང་གིས་ད་བར་མི་འབར་གྱི་བརྒྱ་ཆ་༡༠ ཙམ་མ་གཏོགས་སྔོན་འགོག་སྨན་ཁབ་སྐྱོན་ཐུབ་མེད་པའི་ཁར། རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་ནས་འོས་བསྡུ་དང་འབྲེལ་ལས་རིམ་ཁག་ལ་མི་མང་འདུ་འཛོམས་གནས་སྟངས་ཐད་སྣང་མེད་བཏང་ཡོད་ཚུལ་གྱི་མང་ཚོགས་ཁྲོད་ཁོང་ལ་སྐྱོན་བརྗོད་བྱེད་མཁན་དུ་མ་ཞིག་ཡོང་བཞིན་ཡོད་པ་རེད།

གཞན་ཡང་ད་བར་རྒྱ་གར་ཁྱོན་ཡོངས་སུ་ཀོཝིཌ་༡༩ ཏོག་དབྱིབས་རིམས་ནད་ཕོག་པའི་མི་གྲངས་ས་ཡ་༡༨ ལྷག་བྱུང་ཞིང་། ནད་ཡམས་དེའི་རྐྱེན་གྱི་ད་བར་མི་གྲངས་འབུམ་༢ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།