ལྷ་སར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༨དང་མངའ་རིས་ལ་བཞི་ཐོན་འདུག

2022.08.08
ལྷ་སར་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༡༨དང་མངའ་རིས་ལ་བཞི་ཐོན་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ། ༢༠༢༠ལོར།
བོད་འབྱོར།/RFA

དེ་ཡང་རྒྱ་ནག་གི་གསར་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། འདི་ཚེས་༧ཉིན། ལྷ་ས་གྲོང་ཁྱེར་ནང་མི་མང་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་མེད་བརྟག་དཔྱད་བྱས་བའི་རྗེས། ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་༡༨ཐོན་ཡོད་པ་དང་། དེ་དག་ནི་ཆུང་ཤོས་ལོ་༣དང་རྒན་ཤོས་ལོ༦༠རེད་འདུག་ལ། མི་གཉིས་ལ་ནད་རྟགས་ཐོན་པ་དང་དེ་མིན་༡༦ནི་ནད་རྟགས་མེད་པའི་ནད་པ་ཡིན་པ་གསལ་བསྒྲགས་བྱས་འདུག
བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་རིམས་ནད་ཁྱབ་གདལ་ཐད་མི་མང་ལ་གཟབ་ནན་དགོས་པའི་ཉེན་བརྡ་གཏོང་བ་དང་། མཆོད་མཇལ་དང་ཡུལ་སྐོར་ལྟེ་གནས་ཁག་ལ་མི་ཚོགས་འཛོམས་རྒྱུར་དམ་དྲག་བྱེད་འགོ་ཚུགས་ཡོད་པ་མ་ཟད། ཏོག་དབྱིབས་རིམས་ནད་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་པ་བརྗོད་བྱུང་།
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་ནང་། མི་སྣ་དེ་དག་ལས་ཁག་ཅིག་ཟླ་བ་འདིའི་ཚེས་༤དང་༥ལ་གཞིས་རྩེ་ནས་ལྷ་སར་བསྐྱོད་མཁན་གྱི་མེ་འཁོར་ནང་འགྲུལ་བཞུད་བྱས་ཡོད་པ་དང་། གཞན་ཁག་ཅིག་ལྷ་སར་གནས་སྡོད་བྱེད་མཁན་ཡིན་པ། ད་ལྟ་ནད་པ་མི་༡༨དང་། གཞན་ཁོང་ཚོ་དང་ཐད་ཀར་འབྲེལ་བ་བྱུང་པའི་མི་ཚོ་ཟུར་བཀག་གིས་སྨན་བཅོས་དང་དོ་དམ་བྱེད་བཞིན་པ་བརྗོད་འདུག
དེ་བས་ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ཟེར་བས། ལྷ་སའི་ནང་ཉེན་ཁ་ཆེ་བའི་ས་ཁུལ་གཅིག་དང་། ཉེན་ཁ་འབྲིང་བའི་ས་ཁུལ༡༥ཡོད་པ་བསྒྲགས་ནས། ལྷ་སའི་ནང་གི་ལས་ཁུངས་ཚན་པ་ཁག་དང་སློབ་གྲྭ་གུང་སེང་ཡིན་རུང་འཛིན་གྲྭ་སོ་སོའི་དགེ་རྒན་གྱིས་ཕ་མར་གང་བྱུང་གིས་ཕྱི་ལ་སྐྱོད་མི་ཆོག་པའི་བརྡ་ཐོ་བཏང་ཡོད་འདུག གཞན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་སྨན་ཁང་གིས་གནས་སྐབས་སྒོ་བསྟེན་སྨན་བཅོས་བྱེད་མཚམས་འཇོག་རྒྱུ་ཡིན་པ་གསལ་བརྡ་སྤེལ་འདུག་ལ། ཀོང་པོར་བོད་རང་སྐྱོང་ལྗོངས་ཟེར་བའི་སྐབས་༡༣པའི་ལུས་རྩལ་འགྲན་ཚོགས་དང་སྐབས་ལྔ་པའི་མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོ་འདི་ཚེས་༨ཉིན་འཚོགས་འཆར་ཡོད་པ་གློ་བུར་དུ་ཕྱིར་འགྱངས་བྱས་ཡོད་འདུག
དེ་བཞིན་ཟླ་འདིའི་ཕྱི་ཚེས་༧ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ། ཏོག་དབྱིབས་རིམས་ནད་ཡོད་པའི་ནད་པ་༤ཐོན་ཡོད་པ་དང་། མི་སྣ་དེ་དག་སྨན་ཁང་དུ་ལོགས་སུ་བཞག་ཡོད་སྐོར་བཤད་འདུག
གནས་ཚུལ་དེའི་སྐོར་ལ་ཏོག་དབྱིབས་རིམས་ནད་ལ་ཁ་གཏད་གཅོག་པའི་མངའ་རིས་ས་ཁུལ་གྱི་ལས་དོན་ཚོགས་ཆུང་ཟེར་བས་གསལ་བསྒྲགས་བཏང་བའི་ནང་། ཐེངས་འདིར་མངའ་རིས་ནས་བྱུང་བའི་ཏོག་དབྱིབས་ནད་ཀྱི་ནད་པ་ཁག་ལས་གཅིག་ཏེ་གཞིས་ཀ་རྩེ་དིང་རི་རྫོང་ཤེལ་དཀར་ས་ཆ་ནས་ཡིན་པ་དང་། དེ་མིན་གཞན་དག་གཞིས་རྩེ་བསམ་གྲུབ་རྩེ་ནས་ཡོང་བའི་ཡུལ་སྐོར་བ་རྐྱང་ཡིན་པ་དང་། ད་ལྟའི་ཆར་མངའ་རིས་ཁུལ་དུ་ཏོག་དབྱིབས་རིམས་ནད་ཀྱི་ཉེན་ཁ་ཡོད་པའི་ས་ཁུལ་ནང་གསེར་ར་ལུང་དགོན་དང་། ཁྲུས་སྒོ་དགོན། འཁོར་ཆགས་དགོན། སྤུ་ཧྲེང་རྫོང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར། བྱེའུ་དགོན་དང་། དེ་མིན་གྱི་ཟ་ཁང་དང་མགྲོན་ཁང་ཁག་ཅིག་བཅས་ཁྱོན་༧ཡོད་སྐོར་བསྒྲགས་འདུག
ད་ཆ་གཞིས་རྩེ་གྲོང་ཁྱེར་དུ་མཚོན་ན། ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་ཀྱི་བརྟག་དཔྱད་ས་ཚིགས་བཅུ་དགུ་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་དང་། ཆབ་མདོ་ས་ཁུལ་ལ་ཡང་བརྟག་དཔྱད་ས་ཚིགས་བཙུགས་ཡོད་པ་གསལ་བསྒྲགས་བྱས་འདུག
དེ་སྔ་བོད་ཀྱི་ས་ཁུལ་དང་རྒྱ་ནག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཕྱིན་པའི་སྐབས། བོད་རང་སྐྱོང་ལྗོངས་ཟེར་བའི་འབྲེལ་ཡོད་ཚན་པས་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་མེད་པའི་ས་ཁུལ་གཙང་ཤོས་ཡིན་ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་ལ། དེ་བས་བོད་ཀྱི་རྒྱལ་ས་ལྷ་ས་ཚུད་པའི་ས་ཁུལ་མང་པོར་རྒྱ་ནག་ནས་ཡུལ་སྐོར་བ་ཡོང་མཁན་ཧ་ཅང་མང་པོ་བྱུང་ཡོད།
ཉེ་ལམ་ཟླ་བདུན་པའི་ནང་། མདོ་སྨད་བླ་བྲང་བསང་ཆུ་རྫོང་དང་། རྨ་ཆུ་རྫོང་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པའི་བོད་མི་བརྒྱ་ལྷག་རིམ་པས་བྱུང་ཡོད་པ་དང་། ད་བར་བོད་མི་གཅིག་ཀྱང་འདས་གྲོངས་སུ་སོང་བའི་གནས་ཚུལ་མེད་ན་ཡང་། ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་རྨ་ཆུ་རྫོང་དང་བསང་ཆུ་རྫོང་གཉིས་ཉིན་མང་པར་སྒོ་རྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གི་ཏོག་དབྱིབས་རིམས་ནད་རྩ་མེད་གཏོང་བའི་སྲིད་ཇུས་འོག་ས་གནས་གང་སར་དམ་དྲག་བྱས་བར་བརྟེན། ས་གནས་ཡུལ་མི་ཚོར་ཕྱོགས་མང་པོ་ནས་དཀའ་ངལ་འཕྲད་པ་དང་དེ་ལ་མི་དགའ་བའི་རྣམ་འགྱུར་སྟོན་མཁན་སོགས་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎