བོད་རང་སྐྱོང་ལྗོངས་ཟེར་བར་ཁྱོན་ཡོངས་སུ་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༣༩༩༣ཟིན་འདུག

2022.08.19
Share on WhatsApp
Share on WhatsApp
བོད་རང་སྐྱོང་ལྗོངས་ཟེར་བར་ཁྱོན་ཡོངས་སུ་དབྱིབས་རིམས་ནད་འགོས་ཡོད་པ་མི་གྲངས་༣༩༩༣ཟིན་འདུག ལྷ་སར་ཉེན་རྟོག་པས་མི་ཞིག་རླངས་འཁོར་ནང་བཙན་གྱིས་འཇུག་བཞིན་པ། ༠༨།༢༠༢༢
བོད་འབྱོར།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༨།༡༩ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ། ༢༩༡༡ ༢༩༨ ༡༧ ༢༨༡ ༣༩༩༣


བོད་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་གྲངས་འབོར་མུ་མཐུད་དུ་འཕར་བཞིན་པ་དང་། འདི་ཚེས་༡༩ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་༢༩༨འཕར་འདུག་ཅིང་། དེའི་ནང་ནད་རྟགས་ཅན་༡༧་བྱུང་འདུག་པ་ནས་ ༦ ལྷ་ས་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡༡་བྱུང་འདུག ཡང་ནད་རྟགས་མི་མངོན་པའི་ནད་པ་༢༨༡མང་དུ་ཕྱིན་ཡོད་པ་ནི། ལྷ་ས་གྲོང་ཁྱེར་དུ་༡༣༩དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡༡༤། ལྷོ་ཁ་གྲོང་ཁྱེར་དུ་༡༥། ཉིང་ཁྲི་གྲོང་ཁྱེར་དུ་༣། ཆབ་མདོ་གྲོང་ཁྱེར་དུ་༤། ནག་ཆུ་གྲོང་ཁྱེར་དུ་༥། མངའ་རིས་ས་ཁུལ་དུ་༡ཡོད་བཅས་བྱུང་པ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་བསྒྲགས་འདུག
བོད་ཀྱི་ས་གནས་ཁག་ནང་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་བསྟུན། སྤྱི་ཚེས་༡༠ཉིན་བོད་ལྗོངས་སྨན་རྩིས་ཁང་གིས་བོད་ལྗོངས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་བཀག་བསྡོམས་འགོ་ཁྲིད་རུ་ཁག་ལས་དོན་ཁང་ཟེར་བར་རེ་སྐུལ་ཡིག་གེ་ཞིག་བཏང་འདུག་པ་དེའི་ནང་། བོད་ལྗོངས་སྨན་རྩིས་ཁང་ནས་ཆེད་མཁས་སྨན་པ་འདེམས་སྒྲུག་གིས་ལྷ་སའི་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་འདུས་སྡོད་སྨན་བཅོས་ལྟེ་གནས་ཧྥོམ་ཚམ་སྨན་ཁང་དུ་བཅར་སྡོད་ཀྱིས་བོད་སྨན་གྱི་ཐབས་ལམ་བེད་སྤྱོད་ཀྱིས་ཏོག་དབྱིབས་ནད་པར་སྨན་བཅོས་ཆོག་པའི་རེ་བ་བཏོན་འདུག དེའི་ནང་ལྷ་ས་གཙོས་པའི་ས་གནས་ཁག་མང་པོའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་འགྲོ་བཞིན་པར་བོད་ལྗོངས་སྨན་རྩིས་ཁང་གིས་ཀྱང་། ལོ་ངོ་གསུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཞིག་ནད་རིགས་འདྲ་མིན་ལ་སྨན་བཅོས་ཀྱི་ལག་ལེན་གྱི་རྒྱབ་གཉེར་ཡོད་པའི་བོད་ཀྱི་གསོ་བ་རིག་པའི་བཅོས་ཐབས་ཀྱི་ཐོག་ནས་ཏོག་དབྱིབས་རིམས་འགོས་ཟིན་པའི་ནད་པར་སྨན་བཅོས་ཀྱི་འགན་ལེན་འཁུར་འདོད་ཡོད་པ་བརྗོད་འདུག
གཞན་ཡང་སྤྱི་ཚེས་༡༩ཉིན་བར་མཚོ་སྔོན་ཡུལ་ཤུལ་ཁུལ་ནང་ཏོག་དབྱིབས་ནད་ཡམས་ཕོག་མཁན་ནད་པ་གསར་པ་༧ཐོན་ཡོད་པ་དང་། དེ་དག་ལས་ཡུལ་ཤུལ་གྲོང་ཁྱེར་གྱི་ཟུར་བཀག་དོ་དམ་ཁོངས་ནས་གཉིས་ཐོན་པ་དང་། གཉིས་ཀ་ལྷ་ས་ནས་ཡུལ་ཤུལ་ལ་ཕྱིར་ལོག་བྱས་པ་ཡིན་འདུག གཞན་ལྔ་ནང་ཆེན་རྫོང་གི་ཟུར་བཀག་དོ་དམ་ཁོངས་ནས་ཐོན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡུལ་ཤུལ་ནས་བོད་མི་ཁག་ཅིག་གིས་གནས་ཚུལ་བརྗོད་པ་ལྟར་ན། ཡུལ་ཤུལ་སྐྱེ་རྒུ་མདོའི་སློབ་གྲྭ་དང་། ཟ་ཁང་། ཚོང་ཁང་སོགས་སུ་ཏོག་དབྱིབས་ནད་ཡམས་ཕོག་ཡོད་མེད་བརྟག་དཔྱད་བྱེད་མཁན་དང་། བརྟག་དཔྱད་བྱེད་མི་ཙམ་ལས་གཞན་གང་ཡང་མཐོང་རྒྱུ་མེད་པར་ཚང་མ་སྒོ་རྒྱབ་ལྟ་བུར་ཡོད་པ་དང་། ཕྱི་རོལ་དུ་ཚ་བ་ཤུགས་ཆེན་པོ་ཡོད་ནའང་། ཉིན་ལྟར་བརྟག་དཔྱད་བྱེད་སར་གྲ་སྒྲིག་ནས་འགྲོ་དགོས་ཀྱི་འདུག་ཅེས་བརྗོད་པ་དང་སྦྲགས་ཚང་མས་ནད་ཡམས་འགོས་ཡོང་བསམ་ནས་ཞེད་སྣང་བྱེད་བཞིན་ཡོད་པ་བརྗོད་བྱུང་།
དེ་མིན་ཡང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་ཉིན་རེ་བཞིན་ཏོག་དབྱིབས་ནད་ཡམས་འགོས་མཁན་ནད་པ་བརྒྱ་ཕྲག་མང་པོ་ཐོན་བཞིན་པ་དང་བསྟུན། ཨ་རིའི་ནད་ཡམས་བཀག་བསྡོམས་དང་སྔོན་འགོག་ལྟེ་གནས་ཁང་(CDC)་གིས། བལ་ཡུལ་དེ་བཞིན་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཉེན་ཁ་ཆེ་ཤོས་གྲས་ཀྱི་རིམ་པ་གསུམ་པར་བཅུག་ནས་གཟབ་ནན་དགོས་བའི་ཉེན་བརྡ་བཏང་འདུག་ལ། རྒྱ་ནག་གིས་གཟའ་ཉི་མའི་ཉིན་བོད་དང་བལ་ཡུལ་ཀྱི་ས་མཚམས་(Tatopani)་དང་(Rasuwagadhi)་བཅས་ཀྱི་འགག་སྒོ་སྒོ་ཁག་སྒོ་རྒྱབ་འདུག

གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གི་གྲོང་ཁྱེར་མང་པོའི་སློབ་ཆེན་བརྒྱ་ལྷག་གི་སློབ་མ་ཚོས་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎