ཏོག་དབྱིབས་ནད་ཡམས་ཀྱི་བཀག་རྒྱའི་འོག་བོད་ནང་སེམས་ནད་ཕོག་མཁན་མང་དུ་འགྲོ་བཞིན་ཡོད་འདུག

2022.09.30
Share on WhatsApp
Share on WhatsApp
ཏོག་དབྱིབས་ནད་ཡམས་ཀྱི་བཀག་རྒྱའི་འོག་བོད་ནང་སེམས་ནད་ཕོག་མཁན་མང་དུ་འགྲོ་བཞིན་ཡོད་འདུག ལྷ་སར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་དང་ཁྱིམ་སྡོད་བཀག་རྒྱའི་སྐབས། ༠༨།༢༠༢༢
སྤྱི་ཚོགས་དྲ་ལམ།

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༣༠ཉིན་རྒྱབ་བར།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༨༠༦༦ ༡༩ ༡༩ ༡༨༠༨༥

བོད་ནང་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་གྲངས་ཐོ། ༢༠༢༢།༠༩།༢༩ཉིན།

ས་གནས། སྔར་ཡོད། འཕར་བ། ནད་རྟགས་ཅན། ནད་རྟགས་མི་མངོན་པ། ཁྱོན་བསྡོམས།
བོད་རང་སྐྱོང་ལྗོངས་ཟེར་བ་ཁྱོན་ཡོངས། ༡༧༩༩༤ ༧༢ ༦༦ ༡༨༠༦༦

ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་པས་རྒྱ་ནག་གཞུང་གིས་བོད་ནང་དེ་བས་དམ་བསྒྲགས་ཆེ་རུ་བཏང་བ་དང་། ཉིན་ལྟར་འགོས་ནད་ཕོག་ཡོད་མེད་བརྟག་དཔྱད་བྱས་པའི་དབང་གིས་འགོས་ནད་ཁྱབ་གདལ་ཆེ་རུ་ཕྱིན་པ་མ་ཟད། དུས་ཡུན་ཉིན་གྲངས་ལྔ་བཅུ་ལྷག་ཁྱིམ་དུ་བཅུག་ནས་བཀག་སྡོམ་བྱས་པར་བརྟེན་ཕྱོགས་མང་པོའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། ཡིད་མུག་པའི་ནད་ཕོག་མཁན་མང་རུ་ཕྱིན་པ་དང་། ཐ་ན་མི་འདོད་པར་རང་ཤི་རྒྱག་མཁན་ཡང་བྱུང་ཡོད་འདུག
འདི་ལོའི་ཟླ་བརྒྱད་པའི་ཚེས་ཤར་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་རིམས་ནད་ཕོག་མཁན་ཉིན་རེ་བཞིན་ཕར་སྣོན་ཕྱིན་ཏེ་རྒྱལ་ས་ལྷ་ས་གཙོས་པའི་ས་ཁུལ་མང་པོ་བཀག་བསྡོམས་འོག་གནས་ཤིང་། ཉིན་ལྟར་འགོས་ནད་ཕོག་ཡོད་མེད་ཀྱི་བརྟག་དཔྱད་བྱས་པའི་བརྒྱུད་རིམ་ནང་འགོས་ནད་ཁྱབ་གདལ་མྱུར་པོ་ཕྱིན་ཡོད་ཅིང་། འདས་པའི་ཉིན་གྲངས་ལྔ་བཅུ་ལྷག་ཙམ་རིང་ཏོག་དབྱིབས་འགོས་ནད་ཕོག་པའི་མི་སྣ་སྒྲོམ་ཚང་ཟེར་བའི་ཟུར་བཀར་ཁང་དུ་བཙན་ཁྲིད་བྱེད་བཞིན་ཡོད་པ་དང་། ད་དུང་ཉིན་གྲངས་ལྔ་བཅུ་ལྷག་ཙམ་རིང་འགོས་ནད་ཕོག་མིན་བརྟག་དཔྱད་བྱེད་མཁན་གྱི་མི་སྣ་ཕུད་དེ་མིན་ཕྱི་ལ་འབྲེལ་བ་རྩ་བ་ནས་མ་བྱུང་མཁན་ཚོ་ཡང་འགོས་ནད་ཕོག་པའི་བརྟག་དཔྱད་འབྲས་བུ་ཐོན་པའི་ཐོག་ནས་མུ་མཐུད་དུ་སྒྲོམ་ཚང་ཟེར་བའི་ནང་ཟུར་བཀག་དུ་ཁྲིད་བཞིན་ཡོད་ན་ཡང་སྨན་བཅོས་བྱེད་མཁན་མེད་པ་འདི་སྔར་ལྟར་གནས་མུས་རེད་འདུག
ལྷ་སར་མཚོན་ན། མི་འབོར་འབུམ་བརྒྱད་དང་ཁྲི་བདུན་ལ་ཉེ་བ་ཡོད་པའི་ནང་མི་འབུམ་བཞི་དང་ཁྲི་བདུན་ཙམ་ལ་ཏོག་དབྱིབས་འགོས་ནད་ཕོག་ཡོད་པ་བོད་ནས་བརྗོད་ཀྱི་འདུག་ལ། ཟླ་བ་གཉིས་ལ་ཉེ་བའི་དུས་ཡུན་རིང་བོད་མིའི་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་བྱུང་བར་བརྟེན་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་ཡིད་མུག་པའི་ནད་ཕོག་སྟེ་རང་གི་སྲོག་དོར་མཁན་མི་བརྒྱད་ཙམ་བྱུང་ཡོད་པ་བོད་ནས་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་། ཁོང་ཚོའི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་སྨོས་ཞུས་མེད།
དེང་སྐབས་ལྷ་སར་ཐོག་བརྩེགས་ཅན་གྱི་ཁང་པའི་ཐོག་སྟེང་དུ་སྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ཡོད་འདུག་ལ། ཡིད་མུག་པ་དང་སེམས་ཞུམ་པའི་ནད་རིགས་ཕོག་པའི་གནས་ཚུལ་མང་པོ་བྱུང་བར་བརྟེན་ཐ་ན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ལ་ཡང་རིམས་ནད་སྐབས་སེམས་པ་ལྷོད་ལ་ཇི་ལྟར་འབབ་དགོས་སམ་ཞེས་པའི་བརྗོད་གཞིའི་ཐོག་ནས་ལམ་སྟོན་གྱི་བརྙན་པར་ཁག་ཅིག་འགྲེམས་སྤེལ་བྱས་ཡོད་འདུག
གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་ཀྱི་ས་ཁུལ་ཁག་རིམ་པས་སྒོ་མོ་ཕྱེ་བཞིན་ཡོད་པའི་གནས་ཚུལ་ཡོད་ན་ཡང་། སྤྱི་ཚོགས་དྲ་རྒྱའི་ཐོག་མུ་མཐུད་དཀའ་ངལ་འཕྲད་པའི་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་རྒྱུ་ཡོད་པ་དང་། གྲོང་ཁྱེར་ནང་གི་ཚོང་ཁང་དང་ཟ་ཁང་སོགས་དུས་ཡུན་རིང་པོར་སྒོ་རྒྱབ་པ་དང་། གཞུང་གི་གླ་ཕོགས་ལེན་རྒྱུ་མེད་པའི་མང་ཚོགས་ཚོར་དུས་ཐོག་ཏུ་གླ་ཆ་ལེན་རྒྱུ་མེད་པར་བརྟེན་ཉིན་རེའི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག
དེ་ཙ་ན་འདི་ཚེས་༣༠ཉིན་གྱི་ཉིན་རྒྱབ་བར། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་ནད་རྟགས་ཅན་ཐོན་མེད་ན་ཡང་། ནད་རྟགས་མ་མངོན་པའི་ནད་པ་༡༩མང་དུ་ཕྱིན་ཡོད་པ་རྣམས་ལྷ་ས་གྲོང་ཁྱེར་དུ་༡༨དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ་༡བཅས་ཡིན་འདུག གཞན་དེའི་སྔར་ཉིན་སྤྱི་ཚེས་༢༩ཉིན་གྱི་ཆུ་ཚོད་ཉེར་བཞིའི་རིང་། བོད་རང་སྐྱོང་ལྗོངས་ཟེར་བ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཕོག་པ་ནད་རྟགས་ཅན་༦མང་དུ་ཕྱིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་༦༦མང་དུ་ཕྱིན་ཡོད་པ་ནས་མང་པོ་ཞིག་ལོགས་བཀར་ལྟ་སྡོམ་ཁུལ་ནས་ཤེས་རྟོགས་བྱུང་བ། བོད་རང་སྐྱོང་ལྗོངས་ཟེར་བའི་ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ང་གསུམ་པའི་ཐོག་བསྒྲགས་འདུག་པ་ལྟར། ནད་ཡམས་འགོས་ཁྱབ་བྱུང་བ་ནས་བསྡོམས་རྩིས་བྱས་ན་འདི་ཚེས་༣༠ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་བ་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བ་མི་གྲངས་༡༨༠༨༥ཟིན་འདུག་ལ། དེའི་ཁྲོད་ནས་མང་པོ་ཞིག་དྲག་སྐྱེད་བྱུང་ནས་ས་ཁུལ་འདྲ་མིན་གྱི་ལོགས་བཀར་སྨན་ཁང་ནས་ཐོན་དང་ཐོན་བཞིན་པ་ཡང་བསྒྲགས་འདུག
དེ་ལྟར་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ལྟར། ད་དུང་ཡང་འདི་ཚེས་༣༠ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཆེ་ཁུལ་ས་གནས་༢དང་། ཉེན་ཁ་འབྲིང་ཁུལ་༤༧ཡོད་པ་བསྒྲགས་འདུག་ལ། ནད་པ་དང་ཕྱོགས་འདྲ་མིན་ནས་འབྲེལ་འདྲིས་བྱུང་བ་མི་གྲངས་ཁྲི་ཚོ་བརྒལ་བ་ད་དུང་གཅིག་བསྡུས་ཐོག་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་བཞིན་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བས་མཚོན་བོད་ཀྱི་ས་ཁུལ་ཁག་ཏུ་(Covid-19)་ཏོག་དབྱིབས་རིམས་ནད་རྣམ་པ་འགྱུར་བ་(Omicron)་ཟེར་བ་འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་བསྟུན། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་༥༡འགྲོ་བཞིན་ཡོད་པ་དང་། དེའི་རིང་རྒྱ་ནག་གཞུང་གིས་ས་གནས་སུ་ནད་ཡམས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་ནས་ས་གནས་གང་སར་ཕྱོགས་འདྲ་མིན་ནས་དམ་དྲག་དང་བཀག་སྡོམ་བྱས་ཡོད་རྐྱེན། ཁ་གསལ་ཡོད་མིན་ལ་མ་བལྟོས་བར་འདི་ག་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་བཏོན་པ་ཙམ་ལས། དོན་དངོས་བོད་ཀྱི་ས་ཁུལ་སྤྱི་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་གྲངས་འབོར་དང་དངོས་ཡོད་གནས་སྟངས་གསལ་བོ་རག་ཁག་པོ་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
པེ་ཅིན་སོགས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་གཞུང་གི་བཀག་སྡོམ་སྲིད་ཇུས་དང་ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ཀྱི་གསོ་བ་རིག་པ་དམིགས་བསལ་བ་ཞིག་ཆགས་ཀྱི་ཡོད་སྟབས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པ། ༧གོང་ས་མཆོག་གིས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎