རྒྱ་ནག་གཞུང་གིས་མདོ་སྨད་ཨ་མཆོག་ཕྱོགས་སུ་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་བཞིན་འདུག

2018-11-30
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་འབྲེལ་ཡོད་ཚན་པའི་བརྡ་ཁྱབ་ཡིག་ཆ། ༢༠༡༨།༡༡
རྒྱ་ནག་གི་འབྲེལ་ཡོད་ཚན་པའི་བརྡ་ཁྱབ་ཡིག་ཆ། ༢༠༡༨།༡༡
བོད་འབྱོར།

རྒྱ་ནག་གཞུང་གིས་མདོ་སྨད་མདོ་ལྷོ་ཨ་མཆོག་ཕྱོགས་སུ་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་ཉིན་བརྒྱའི་ཆེད་དོན་ལས་འགུལ་ཞེས་བ་ཞིག་སྤེལ་བཞིན་འདུག
དེ་ཡང་གནས་ཚུལ་ལྟར་ན། དེང་སྐབས་མདོ་ལྷོ་བསང་ཆུ་རྫོང་རྒྱ་ནག་གི་ས་གནས་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ནས་མཉམ་འབྲེལ་ཐོག་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་གཙོ་གནད་དོན་ཚན་བཅུ་བཞི་ཙམ་ལ་དམིགས་སུ་བཀར་ནས་མདོ་སྨད་མདོ་ལྷོ་བསང་ཆུའི་ཨ་མཆོག་ཕྱོགས་སུ་སྤྱི་ཚོགས་བདེ་འཇགས་བཅོས་སྐྱོང་གི་ཉིན་བརྒྱའི་ཆེད་དོན་ལས་འགུལ་ཞེས་རྡུང་རྡེག་ཚ་ནན་གྱི་ལས་འགུལ་ཞིག་སྤེལ་བཞིན་པ་རེད་འདུག
སྤྱི་ལོ་༢༠༡༨་ལོའི་ཟླ་༡༡་པའི་ཚེས་༡༧་ཉིན་གོང་བརྗོད་འབྲེལ་ཡོད་ཚན་པ་ཚོས་བརྡ་ཁྱབ་ཞིག་སྤེལ་ཡོད་པ་ལྟར་ན། རྡུང་རྡེག་ཚ་ནན་གྱི་ལས་འགུལ་དེ་བཞིན་སྲིད་གཞུང་གི་ཐག་གཅོད་ལྟར་༢༠༡༩་ལོའི་ཟླ་༢་བའི་ཚེས་༢༥་བར་གྱི་ཉིན་གྲངས་བརྒྱ་རིང་སྤེལ་རྒྱུ་ཡིན་པ་དང་། དམིགས་ཡུལ་ནང་ཕྱི་ཁོངས་ཀྱི་ཁྲིམས་འགལ་རྩ་འཛུགས་ལ་ལྐོག་འབྲེལ་བྱས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པ་གཏོང་པའི་བྱ་སྤྱོད་གཙོ་བོར་བཟུང་ནས་སྡེ་བ་དང་། ཚོ་བ། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་། མ་ཎི་ཚོགས་པ། རྒད་པོ་རྒོད་པོ་སོགས་རྩ་འཛུགས་དང་། ཁྱིམ་ཚང་། མི་སྒེར་བཅས་དང་འབྲེལ་བའི་གནད་དོན་མང་པོ་གཙོ་གནད་ལ་བཟུང་ནས་ལས་འགུལ་སྤེལ་རྒྱུ་འཁོད་འདུག་ལ་མ་ཟད་ཁྲིམས་འགལ་བྱ་སྤྱོད་དང་ཉེས་ཅན་ཡར་ཞུ་བྱས་ཚེ་དགའ་བསུ་དང་མཉམ་ཡར་ཞུ་བྱེད་མཁན་གསང་རྒྱ་དམ་པོ་བྱས་ཐོག་རྒྱ་སྒོར་༥༠༠་ནས་ཁྲི་༣་བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་གསལ་འདུག
སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་དུས་དང་སྐབས་སུ་ཡང་ཡང་རྡུང་རྡེག་ཚ་ནན་ཞེས་བའི་ལས་འགུལ་རིགས་འདྲ་མིན་སྤེལ་སྐབས། ས་གནས་ཀྱི་དྲག་ཆས་དམག་མི་དང་སྤྱི་བདེ་ཉེན་རྟོག་པ་སོགས་ཀྱིས་གང་འདོད་བོད་མིའི་སྡོད་ཁང་དང༌། མགྲོན་ཁང་སོགས་ལ་ཞིབ་བཤེར་ཐོག་ངོ་རྟགས་ལག་འཁྱེར་མེད་མཁན་ལ་དོགས་གཞི་བྱས་ཏེ་བོད་མི་མང་པོ་གང་བྱུང་འཇུ་བཟུང་བྱེད་པ་དང༌། འདྲི་རྩད་གཅར་རྡུང་། ལམ་ཁ་བཞི་མདོ་ཁག་ལ་སྐོར་གཡེང་ཞིབ་བཤེར་བྱས་ནས་ཉེས་མེད་ཀྱི་ཡུལ་མི་མང་པོའི་སེམས་ཁམས་ལ་དངངས་འཚབ་དང༌འཇིགས་སྐྲག་བློ་མི་བདེ་བའི་གནས་སྟངས་ཞིག་ཀྱང་བསྐྲུན་མྱོང་བ་ས་གནས་བོད་མི་ཚོས་བརྗོད་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།