དོན་དངོས་རྒྱ་ནག་གིས་ཁ་བྲལ་གཏོང་གི་ཡོད་པ་བོད་མིའི་སྒྲིག་འཛུཊ་ཀྱི་མགྲིན་ཚབ་པས་བརྗོད་འདུག


2019.07.15
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས། ༢༠༡༩ བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས། ༢༠༡༩
RFA

རྒྱ་ནག་གཞུང་གིས་ད་བར་ཁྲིམས་བརྒལ་དང་ཁ་བྲལ་གྱི་རིགས་བྱེད་བཞིན་ཡོད་པ་ལས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཁ་བྲལ་བྱེད་ཀྱི་མེད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བརྗོད་ཡོད།
ཉེ་ལམ་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་ཁུལ་དུ་ནག་སེལ་གཤེད་བཅོམ་ལས་འགུལ་ཟེར་བ་དེ་རྒྱ་ནག་གཞུང་གི་གཞས་ཀྱི་ལམ་ནས་དྲིལ་བསྒྲགས་བྱས་འདུག་པ་དེའི་ནང་། དགོན་སྡེ་ཆོས་ལུགས་སོགས་ཁ་གཡར་ཏེ་ཏང་དང་སྲིད་གཞུང་ལ་ཁ་གཏད་ལངས་མཁན་དང་། རྒྱལ་ཁབ་ཁ་བྲལ་པ་ཚོ་རྩ་མེད་བཟོ་དགོས་ལུགས་དང་། ཐ་ན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚད་ལས་འདས་པའི་མཚན་སྨད་ཞུས་འདུག འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་འོག་བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་བོད་མི་དག་ལ་དྲག་གནོན་བྱེད་བཞིན་ཡོད་པ་འདི་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་སྐྱོན་བརྗོད་གནང་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། ཆབ་སྲིད་ཀྱི་ལས་འགུལ་ཁག་ཅིག་གླུ་གཞས་ཀྱི་ལམ་ནས་ད་བར་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱེད་ཡོད་ཅིང་། ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་དེ་ཡང་གཞས་ཀྱི་ལམ་ནས་མི་མང་ལ་དྲིལ་བསྒྲགས་བྱེད་བཞིན་ཡོད། དེའི་རྒྱབ་ལྗོངས་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་ངོས་འཛིན་གནང་གི་འདུག
ད་དུང་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་ལོགས་སུ་ཆབ་སྲིད་ཀྱི་ལས་འགུལ་དང་། བོད་མི་མགོ་སྐོར་གཏོང་རྒྱུའི་དྲིལ་བསྒྲགས་རིགས་ཇི་ལྟར་སྤེལ་ཡང་གཞིས་བྱེས་བོད་མི་རྣམས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་རྩེ་གཅིག་ཏུ་ཡོད་པའི་ཐོག་ད་བར་སེམས་ཤུགས་ཉམས་པ་མེད་པའི་ངང་གནས་ཡོད་པ་བོད་མི་མང་སྤྱི་འཐུས་བློ་བཟང་གྲགས་པ་ལགས་ཀྱིས་བརྗོད་ཡོད་པ་རེད།
སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་དང་པོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་ནག་སེལ་གཤེད་བཅོམ་ཟེར་བའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དང་། གཙོ་བོ་ལས་འགུལ་དེའི་འོག་རྒྱ་ནག་གཞུང་གི་ལྟ་སྤྱོད་དང་མི་མཐུན་མཁན་བོད་རིགས་རྣམས་ལ་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་འདུག་ཅིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་ནག་སེལ་གཤེད་བཅོམ་ལས་འགུལ་ཞེས་ཐ་སྙད་གསར་པ་ཞིག་བཏགས་བ་མ་གཏོགས་སྲིད་བྱུས་དེ་དེ་སྔ་ནས་ས་གནས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎