རྒྱ་ནག་གཞུང་གིས་བོད་ནང་གྲོང་ཁྱེར་ནས་གྲོང་གསེབ་ཁག་ནང་དམ་དྲག་བྱེད་ཀྱི་འདུག

2021-03-08
Share
རྒྱ་ནག་གཞུང་གིས་བོད་ནང་གྲོང་ཁྱེར་ནས་གྲོང་གསེབ་ཁག་ནང་དམ་དྲག་བྱེད་ཀྱི་འདུག ལྷ་སའི་གཙུག་ལག་ཁང་གི་མདུནབ། ༣།༢༠༢༡
བོད་འབྱོར།

རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་ཁྱེར་ཙམ་མ་ཟད་གྲོང་གསེབ་ཁག་ཏུ་ཡང་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་འདུག
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་གསུང་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་གྲོང་རྡལ་དང་གྲོང་གསེབ་ཁག་ཏུ་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། དེ་སྔ་ཡིན་ན། རྒྱ་ནག་གཞུང་གིས་གྲོང་ཁྱེར་ཁག་མ་གཏོགས་གྲོང་རྡལ་དང་གྲོང་གསེབ་ཁུལ་དུ་དེ་འདྲའི་དོ་སྣང་བྱེད་ཀྱི་མེད་ལ། གྲོང་གསེབ་ལས་གྲོང་ཁྱེར་ཁག་ཏུ་དམ་དྲག་ཆེ་བ་ཡོད་པ་རེད། འོན་ཀྱང་། ད་ཆ་གྲོང་རྡལ་དང་གྲོང་གསེབ་ཁུལ་དུ་ཡང་དོ་དམ་དང་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
ད་དུང་ཁོང་གིས། ད་ཆ་མཐའ་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་བོད་ཀྱི་མཐའ་མཚམས་གྲོང་གསེབ་དང་གྲོང་ཁྱེར་ཁག་ཏུ་དམག་མི་དང་། གོས་ཆས་སྔོན་པོ་གྱོན་པའི་མི་དམངས་ཉེན་རྟོག་པ་ཟེར་བ་འབོར་ཆེན་འགྲེམ་འཇོག་བྱས་ཡོད་པ་མ་ཟད། བོད་ཀྱི་མཐའ་མཚམས་ས་ཁུལ་ཁག་སྟེ་ལྷོ་བྲག་དང་། གཉའ་ནང་རྫོང་ཁོངས་སོགས་ཀྱི་ནང་བོད་ཀྱི་ས་ཁུལ་གཞན་ནས་བོད་མི་སུ་འདྲ་ཞིག་འགྲོ་བསྐྱོད་བྱེད་པའི་སྐབས། ཐོབ་ཐང་ལག་ཁྱེར་སོགས་ལ་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། འབྲེལ་ཡོད་མཐའ་མཚམས་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་པ་འགྲེལ་བརྗོད་གནང་སོང་།
དེ་འབྲེལ་ཉེ་ལམ་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཤང་དང་གྲོང་རྡལ་༦༩༧ནང་སྒྲིག་ཨུད་ལྟ་ཞིབ་ལས་ཁུངས་ཟེར་བ་གསར་འཛུགས་ཟིན་ཡོད་པ་ཕྱིར་བསྒྲགས་བྱས་འདུག་པ་མ་ཟད། ཤང་དང་གྲོང་རྡལ་གྱི་སྒྲིག་བཤེར་ཆེད་ལས་མི་སྣ་༡༩༦༠འདེམས་ཐོན་དང་བཀོད་སྒྲིག་བྱས་ཡོད་ལུགས་བརྗོད་འདུག རྒྱ་ནག་གཞུང་གིས་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཤང་དང་གྲོང་རྡལ་སོགས་དང་འབྲེལ་བའི་ས་གནས་ས་ཐོག་ཏུ་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་ཆེད་ཡིན་ལུགས་བརྗོད་འདུག
གོང་ཞུས་གནས་ཚུལ་ཐད་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། སྤྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་མཁན་མང་པོ་ཞིག་གྲེང་གསེབ་ཁག་ནས་ཡིན་ལུགས་རྒྱ་ནག་གཞུང་གིས་འགྲེལ་་བརྗོད་བྱེད་ཀྱི་ཡོད་པར་བརྟེན། སྤྱི་ལོ་༢༠༡༡ཙམ་ནས་བོད་ཀྱི་གྲོང་གསེབ་ཁག་ལ་དམ་བསྒྲགས་བྱེད་འགོ་འཛུགས་འདུག བོད་ནང་རྒྱུན་དུ་དམ་དྲག་ཡོད་པའི་ཁར། གསུམ་པའི་ཚེས་༡༠བོད་མིའི་དབང་སྒེར་ལངས་ཉིན་མོ་དང་། ༧རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར། དེ་བཞིན་ས་ག་ཟླ་བ་སོགས་ཀྱི་དུས་ཚིགས་ལ་དམིགས་བསལ་དམ་དྲག་བྱེད་ཀྱི་ཡོད་པ་འདི་ནི་ལོ་མང་པོ་ཞིག་གི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་སོང་།
གཞན་ཡང་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། སྲིད་འཛིན་ཞི་ཅིན་ཕིན་གྱིས་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་བརྗོད་པ་ནས་བཟུང་། བོད་ནང་སྔར་ལས་ལྷག་པ་དམ་བསྒྲགས་བྱེད་འགོ་འཛུགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།