བོད་བཅིངས་གྲོལ་བཏང་ནས་ལོ་༧༠འཁོར་ཟེར་བ་དེ་བོད་མི་ཚོར་མཚོན་ན་གཉའ་གནོན་ཤུགས་ཆེ་བཏང་པའི་ལོ་༧༠ ཆགས་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་གནང་སོང་།

2021.08.15
བོད་བཅིངས་གྲོལ་བཏང་ནས་ལོ་༧༠འཁོར་ཟེར་བ་དེ་བོད་མི་ཚོར་མཚོན་ན་གཉའ་གནོན་ཤུགས་ཆེ་བཏང་པའི་ལོ་༧༠ ཆགས་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་གནང་སོང་།
Reuters

འདི་ལོ་རྒྱ་ནག་གཞུང་གིས་བོད་བཅིངས་གྲོལ་བཏང་ནས་མི་ལོ་༧༠ འཁོར་བའི་དུས་དྲན་ཟེར་བ་དང་འབྲེལ་ནས་བོད་ཀྱི་ས་ཁུལ་ཁག་ཏུ་དམར་ཤོག་གི་དྲིལ་བསྒྲགས་དང་ཚོགས་འདུ་རིམ་པར་འཚོག་བཞིན་ཡོད་པ་ལྟར། སྤྱི་ཟླ་༨ པའི་ཚེས་༡༥ ཉིན་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བར་དྲན་གསོ་ཞེས་དམིགས་བསལ་མཛད་སྒོའི་རིགས་ཚོགས་འདུག་པ་མ་ཟད། བོད་བཅིངས་གྲོལ་བཏང་ནས་ད་བར་བོད་མི་མང་ལ་ཚེ་སྲོག་གསར་པ་ཐོབ་པར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་འཛུགས་བསྐྲུན་གྱིས་བོད་མི་ཚོར་འོད་སྟོང་འབར་བའི་མདུན་ལམ་བཏོད་ཡོད་ཅེས་རྒྱ་ནག་གཞུང་གིས་འདི་ཚེས་༡༢ ཉིན་བསྒྲགས་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དོན་དངོས་ཐོག་བོད་བཅིངས་གྲོལ་བཏང་ནས་ལོ་༧༠ ཟེར་བ་དེ་བོད་མི་ཚོར་མཚོན་ན་གཉའ་གནོན་ཤུགས་ཆེ་བཏང་ནས་་ལོ་༧༠ འཁོར་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཉེ་ལམ་རྒྱ་ནག་གཞུང་གིས་རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་བཏང་ཡོད་ཚུལ་གྱི་ཁ་གྲངས་སོགས་འཁོད་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་ཞིག་བཏོན་ཡོད་ནའང་། རྒྱ་ནག་གཞུང་ཕྱོགས་ནས་སྒྲུབ་དགོས་པའི་གནད་དོན་མང་པོ་ཞིག་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ཏེ་གསལ་བཤད་མང་དག་ཅིག་བྱས་ཡོད་པ་དེ་དག་དོན་གྱི་ཐོག་ནས་ཏག་ཏག་ཅིག་བསྡད་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ད་བར་གཉའ་གནོན་ཤུགས་ཆེ་བཏང་བའི་གྲངས་ཀ་དེ་ཚོ་རྩ་བ་ནས་ཡོད་མ་རེད་ཅེས་གསུངས་གནང་སོང་།
སྤྱིར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་མུས་ཡིན་པ་བོད་གནས་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་ཕྱོགས་མཚུངས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཀརྨ་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་དང་སློབ་གཉེར་བྱེད་སའི་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་ཁར།
གཙོ་བོ་ཐབས་བྱུས་སྣ་ཚོགས་བཏིང་ནས་བོད་ཀྱི་སྐད་ཡིག་དེ་བཞིན་བེད་སྤྱོད་མེད་པ་དང་ནུས་མེད་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་། འདས་པའི་མི་ལོ་༧༠ རིང་འདིར་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་ཤུགས་ཆེར་བྱས་པའི་དབང་གིས་ད་བར་བོད་མི་༡༥༠ ལྷག་གིས་རྒྱ་ནག་གཞུང་ལ་ངོ་བརྒོལ་སླད་རང་ལུས་མེར་བསྲེག་བཏང་ཡོད་པ་དང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ནང་དམ་དྲག་ཇེ་ཆེར་བཏང་ནས་རྩོམ་པ་པོ་དང་སྒྱུ་རྩལ་པ། མཁས་པ། གཞས་པ་གཞས་མ་སོགས་མང་དག་ཅིག་འཛིན་བཟུང་བྱས་ཡོད་པ་རེད།
ཡང་བཞུགས་སྒར་རྡ་རམ་ས་ལར་ཆགས་པའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། དེང་སྐབས་རྒྱ་ནག་གཞུང་གིས་ཐབས་བྱུས་འདྲ་མིན་བཏིང་བའི་སྒོ་ནས་བོད་མི་ཚོ་ངལ་རྩོལ་དུ་བཀོལ་ཡོད་པ། ས་མཚམས་ཀྱི་དམག་ལ་བེད་སྤྱོད་བཏང་བ། དེ་བཞིན་གཏེར་ཁ་བསྔོག་འདོན་དང་འཛུགས་སྐྲུན་ལས་གཞི་སོགས་ལ་དཀའ་ལས་རྒྱག་མཁན་མང་ཆེ་བ་བོད་པ་ཡིན་པ་མ་ཟད། ད་བར་བོད་པ་གཡུག་པོར་བཀོལ་ཏེ་། ཁེ་བཟང་རྒྱ་གཞུང་གིས་ལེན་གྱི་ཡོད་པ་དང་། ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་རིམ་པས་རྩ་མེད་བཟོ་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་ནག་དམར་ཤོག་གིས་བོད་བཅིངས་གྲོལ་བཏང་ནས་ལོ་༧༠ འཁོར་བ་ཟེར་བ་དེ་གཙོ་བོ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་ཡིན་པ་ལས། དོན་དངོས་ཐོག་ས་གནས་བོད་མི་ཚོའི་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་མུ་མཐུད་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པ། ད་ལྟའི་བོད་ནང་གི་གནས་སྟངས་ལས་གསལ་ཐུབ་ལ། ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཡུལ་ཤུལ་སྡོམ་མདའ་ཡུལ་ཚོ་ནས་ཡིན་པ་རིན་ཆེན་རྡོ་རྗེ་དང་། སྐལ་བཟང་ཉི་མ། རྫ་སེར་ཤུལ་ནས་ཡིན་པ་ལྷུན་འགྲུབ་བཅས་ཀྱི་གནས་ཚུལ་ལས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསལ་པོ་རྟོགས་ཐུབ་ཅེས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
གཞན་ཡང་ཨ་རིར་རྟེན་གཞི་བྱས་པའི་Freedom House ཡིས་སྤྱི་ལོ་༢༠༢༡ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་༢༠༠ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། བོད་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་དེ་ཡིན་པ་བཀོད་འདུག་པ་དང་། ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་༢༠༢༡ལོར་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཟེར་བར་ཁ་གཡར་ཏེ་བོད་མིའི་ཆབ་སྲིད་དང་སྤྱི་དམངས་སོགས་ཀྱི་ཐོབ་ཐང་ཁག་བརྩིས་མེད་རྡོག་རོལ་བཏང་ཡོད་པ་ཐེར་འདོན་བྱས་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎