གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རྒྱ་གར་གཞུང་ལ་དེབ་སྐྱེལ་ཟིན་འདུག

2019-01-11
གློག་འཕྲིན།
མཆན།
Share
པར་བཀོད།
གསར་འགོད་ལྷན་ཚོགས་སྐབས། ༢༠༡༩།༡།༡༡
གསར་འགོད་ལྷན་ཚོགས་སྐབས། ༢༠༡༩།༡།༡༡
RFA

བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཟླ་༡ཚེས་༡༡ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་བའི་སྐབས། འཆར་འགོད་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་སྔ་ལོ་སུད་ཚོང་ཚོང་པ་ཚོར་བུན་གཡར་ལས་གཞི་གནང་ཡོད་པ་དང་། དེ་བཞིན་ལས་གཞི་ཆེ་ཆུང་ཁག་གསུམ་ཙམ་འགོ་བཙུགས་བྱེད་རྒྱུའི་ཡིན་པ་དང་། མ་འོངས་པར་ལས་གཞི་མུ་མཐུད་སྤེལ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེབ་སྐྱེལ་ཟིན་ནས་རྒྱ་གར་གྱི་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་ཡོད་ཅེས་སོགས་གསུངས་འདུག
ཡང་སྲིད་སྐྱོང་བློ་བཟང་སེང་མཆོག་གིས། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ད་ལན་གཞུང་འབྲེལ་གྱི་ཡིག་ཆ་ཐོབ་པར་བརྟེན་ལས་ཀ་གང་འདྲ་ཞིག་བྱས་ཀྱང་རྒྱ་གར་གྱི་ཁྲིམས་དང་མཐུན་པ་ཞིག་དང་། བཀའ་འཁྲོལ་ཡོད་པའི་ཐོག་ནས་གནང་གི་ཡོད་ཅེས་དང་། བོད་མིའི་སྒྲིག་འཛུགས་ནས་སུད་ཚོང་གི་བུན་གཡར་ལས་གཞི་སྤེལ་སྐབས་མ་དངུལ་བརྒྱ་ཆ་བརྒྱ་གཏན་འབེབས་དུས་ཚོད་ཀྱི་སྔོན་དུ་ཕྱིར་སློག་ཐུབ་པར་ཨ་རིའི་ཐེབས་རྩ་དང་། དེ་བཞིན་རོགས་དངུལ་གནང་མཁན་རྣམས་ཀྱིས་ཧང་སང་བའི་རྣམ་འགྱུར་ཡག་པོ་སྟོན་ཡོད་པ་དང་།
དེ་ནི་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་བྱམས་སྙིང་རྗེ་སྟོན་གྱི་ཡོད་པ་རེད་ཞེས་བསྔགས་བརྗོད་གནང་འདུག
ཡང་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱིས་སྔ་ལོ་འཚོ་རྟེན་རོགས་སྐྱོར་བུན་གཡར་གནང་བར་བརྒྱ་ཆ་༩༦ཕྱིར་སློག་ཟིན་པ་གསུངས་འདུག
བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བུན་གཡར་ལས་གཞིའི་ཁོངས་སུ། སྲོལ་རྒྱུན་གྱི་རྟ་དྲེལ་དེད་ནས་དོལ་པོ་སྐྱེལ་མཁན་དང་། ལམ་ཟུར་དུ་ཙག་ཙིག་ཚོང་ལས་གཉེར་མཁན། དེ་བཞིན་གཞིས་ཆགས་ཁག་གི་ནང་གླ་བྱེད་རླངས་འཁོར་(Taxi)གཏོང་མཁན་རྣམས་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་གཞི་སྤེལ་ཡོད་པ་རེད།
འདི་ལོ་རྒྱ་གར་ནང་དབྱར་ཚོང་གཉེར་མཁན་ས་གནས་ཁག་ ༡༣ ནང་ཡོད་པའི་བོད་མི་གྲངས་ ༦༠༠ ཙམ་ལ་ཧིན་སྒོར་ས་ཡ་ ༡༢༠ ཡི་དབྱར་ཚོང་རོགས་སྐྱོར་ལས་གཞི་གསར་པ་ཞིག་ཕྱི་ཟླ་ ༢ ནས་འགོ་འཛུགས་གནང་རྒྱུ་དང་། ཕྱི་ཟླ་ ༧།༨ ནང་མཚམས་གཞག་ནས་བུ་ལོན་དེ་དག་ཕྱིར་སློག་བྱེད་དགོས་ཡོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།