རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་བོད་མིའི་སྒྲིག་འཛུགས་སྐོར་འཁྱོག་བཤད་བྱས་ཡོད་པར་སྐྱོན་བརྗོད།

2019-04-09
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས།
tibet.net

རྒྱ་ནག་གཞུང་གིས་བོད་མིའི་སྒྲིག་འཛུགས་སྐོར་གྱི་གནས་ཚུལ་སྤེལ་བ་ནི་འཁྱོག་བཤད་རེད་ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་འདུག
དེ་ཡང་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ(The Global Times)ཟེར་བའི་དྲ་རྒྱའི་ཐོག་ཕྱི་ཟླ་༤པའི་ཚེས་༨ཉིན་བལ་ཡུལ་ནང་གནས་སྡོད་བྱེད་མཁན་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཟུར་པ་རེད་ཟེར་བ། བཀྲ་ཤིས་ཚེ་རིང་ཞེས་པར་བཅར་འདྲི་བྱས་ནས་བོད་མིའི་སྒྲིག་འཛུགས་དྲང་བདེན་མེད་པ་དང་ལྐོག་ཟ་ཡོད་ལུགས་སོགས་སྐྱོན་བརྗོད་སྣེ་མང་བྱས་པའི་གནས་ཚུལ་ཞིག་འདོན་སྤེལ་བྱས་ཡོད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། གལ་ཏེ་སྐྱོན་འཛུགས་བྱས་པ་དེ་དག་བདེན་པ་དང་ཁུངས་སྐྱེལ་ཐུབ་པ་ཡིན་ཚེ།  མིང་རྫུན་མ་ཞིག་གི་རྒྱབ་ཏུ་ཡིབ་པ་ལས་གདོང་དང་གདོང་ཐུག་ནས་སྐད་ཆ་བཤད་ན་ཕན་ཐོགས་ཆེ་བ་ཡོད་པའི་ལན་འདེབས་གནང་ཡོད་པ་རེད།
ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་དེའི་ནང་བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཧ་ལམ་མེད་པ་ཆགས་ལུགས་བརྗོད་པ་དང་། དེ་ཡང་གཙོ་བོ་བོད་རང་སྐྱོངས་ལྗོངས་ཟེར་བའི་ནང་ཆབ་སྲིད་དང་།  དཔལ་འབྱོར་གྱི་ཡར་རྒྱས་ཕྱིན་པའི་རྒྱུ་མཚན་གྱིས་ཡིན་ལུགསབརྗོད་ཡོད་པ་རེད། འོན་ཀྱང་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བལ་ཡུལ་ནང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མ་ཐུབ་པ་ཡིན་པ་ལས་ལས་འགུལ་མི་དགོས་པ་དང་མ་སྤེལ་བ་མིན་ལུགས་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་ཕྱི་ལོ་༡༩༥༩ནས་༢༠༡༤བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འཛིན་སྐྱོང་གི་ནུས་པའི་ཐད། ཉམས་ཞིབ་གནང་མྱོང་མཁན་འབུམ་རམས་པ་རིག་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གི་གཞི་མེད་སྐྱོན་འཛུགས་འདི་དག་ནི། རྒྱ་ནག་གཞུང་རང་ཉིད་ནས་སྐྱོན་ཚུད་པ་དེ་བོད་མིའི་སྒྲིག་འཛུགས་ཀྱང་དེ་བཞིན་ཡིན་པའི་ཁུངས་མེད་ཀྱི་སྐྱོན་འདོགས་ཙམ་ལས། དོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ནི་མང་གཙོ་ཚད་ལྡན་གྱི་ཐོག་ནས་བསྐྱོད་བཞིན་ཡོད་སྟབས། འཛིན་སྐྱོང་དང་གྲོས་ཚོགས་ཀྱི་སྟངས་འཛིན་དང་གྲོས་ཚོགས་ལ་མི་མང་གི་སྟངས་འཛིན་ཡོད་པ་གསུངས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།