བཀའ་ཤག་གིས་རྒྱ་ནག་གཞུང་གི་རིམས་འགོག་གི་སྲིད་ཇུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་ཞུས་འདུག

2022.12.02
བཀའ་ཤག་གིས་རྒྱ་ནག་གཞུང་གི་རིམས་འགོག་གི་སྲིད་ཇུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་ཞུས་འདུག བཀའ་ཤག་གི་གསལ་བསྒྲགས་ཡིག་ཆ།
CTA

འདི་ཚེས་༢ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གསལ་བསྒྲགས་སྤེལ་ནས། འདི་ལོའི་ཕྱི་ཟླ་༨པའི་ཟླ་མཇུག་ནས་བཟུང་། རྒྱ་ནག་ཏུ་མི་འབོར་དུང་ཕྱུར་གསུམ་ལྷག་ཐེམ་སྤང་བཀའ་རྒྱའི་བཀག་སྡོམ་འོག་ཏུ་ཟླ་གྲངས་དུ་མར་ཚུད་ཅིང་། ལྷ་ས་དང་། ཨུ་རུམ་ཆི་ལྟ་བུར་ཟུར་བཀག་ཁྱིམ་སྡོད་བཀག་རྒྱ་བསྡམས་ནས་ཉིན་གྲངས་བརྒྱ་ལྷག་འགོར་བའི་གནས་སྟངས་འོག མི་མང་གི་འགྲོ་འདུག་དང་། ཉིན་རེའི་འཚོ་བ། བཟའ་བཏུང་། སྨན་བཅོས། འཚོ་གནས། སེམས་ཁམས་སོགས་ལ་ཚད་ལས་བརྒལ་བའི་དཀའ་ངལ་འཕྲད་པར་བརྟེན། རྒྱ་ནག་གི་གྲོང་ཁྱེར་དང་། མཐོ་སློབ་ཁག་མང་པོར་རིམས་ནད་འགོག་པའི་སྲིད་ཇུས་ལ་ངོ་རྒོལ་དང་། རང་དབང་མང་གཙོའི་འདོད་འདུན་བསྒྲགས་འདུག་པར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་དང་། ཡང་གོང་ཞུས་གསལ་བསྒྲགས་ནང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་དོན། བོད་ནང་དུ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྲིད་ཇུས་ལ་བརྟེན་ནས་བོད་མིའི་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་སྐོར་ཕྱི་ཟླ་༩ཚེས་༢༦ཉིན་གསར་འགོད་གསལ་བསྒྲགས་སྤེལ་ཟིན་པ་ལྟར། ནོར་འཁྲུལ་དེ་རིགས་བསྐྱར་ལྡབ་མི་ཡོང་བའི་རེ་བ་འཛིན་གྱི་ཡོད།
རིམས་ནད་ཀྱིས་འཛམ་གླིང་ཁྱོན་དུ་མིའི་ཚེ་སྲོག་དང་། འཚོ་གནས་ལ་སྔར་མ་གྲགས་པའི་དཀའ་ངལ་འཕྲད་ཡོད་ནའང་། སྲིད་གཞུང་ཁག་གིས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། ད་ཆ་ཡུལ་ལུང་ཕལ་ཆེ་བ་རྒྱུན་ལྡན་གྱི་འཚོ་བར་རོལ་ཐུབ་ཀྱི་ཡོད་པ་དང་། ཁ་རས་གྱོན་མ་དགོས་པའི་མི་འབོར་ས་ཡ་བརྒལ་པའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་ཡང་དབུས་ཤར་ཨེ་ཤ་ཡར་ཚ་ཚ་འུར་འུར་ངང་འགྲོ་བཞིན་ཡོད།
རྒྱ་ནག་ནི་གོ་ལའི་གྲོང་ཚོའི་ཆ་ཤས་ཤིག་དང་། འགྲོ་བ་མིའི་ཁྱིམ་ཚང་གི་གྲུབ་ཆ་ཞིག་ཡིན་པས། རྒྱལ་མཚམས་ཀྱིས་གཅོད་ཐབས་མེད་ཅིང་། རྒྱལ་ཁབ་ལམ་ལུགས་ཀྱི་དབྱེ་བ་མེད་པའི་རིམས་ནད་འདིར་གདོང་ལེན་གཅིག་མཚུངས་སུ་བྱེད་དགོས་པ་ཡིན་པས། མི་མང་གིས་ནད་འགོག་སྲིད་ཇུས་ལ་འདོད་པ་ཁེངས་མེད་པའི་རྣམ་འགྱུར་བསྟན་པ་དང་། རང་དབང་དང་མང་གཙོའི་དགོས་འདུན་བཏོན་པར་དྲང་ཕྱོགས་ནས་ངོས་འཛིན་གྱིས་དྲག་གནོན་དང་མནར་གཅོད་མི་གཏོང་བར། རྒྱལ་སྤྱིའི་གཞུང་མང་མཉམ་འབྲེལ་གྱི་བྱེད་སྟངས་ནང་བཞིན་རིམས་འགོག་གི་སྲིད་ཇུས་བཅོས་སྒྲིག་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན་བཀོད་ནས། མཇུག་ཏུ་རིམས་ནད་ཀྱི་འཇིགས་པ་གང་མྱུར་ཞི་སྟེ། རྒྱུན་ལྡན་གྱི་འཚོ་བ་རོལ་ཐུབ་པར་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་ཞུས་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎