གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་འདས་གྲོངས་སུ་ཕེབས་པའི་གནས་ཚུལ་ཐོན་ཡོད་འདུག

2022.06.04
Share on WhatsApp
Share on WhatsApp
གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་འདས་གྲོངས་སུ་ཕེབས་པའི་གནས་ཚུལ་ཐོན་ཡོད་འདུག གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པ། ༢༠༡༨
Photo/Tibet.net

ཕྱི་ལོ་ ༢༠༢༢ ཟླ་བ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཟུར་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་ཐུབ་བསྟན་བསམ་འཕེལ་ལགས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་འདས་གྲོངས་སུ་ཕེབས་པའི་གནས་ཚུལ་ཐོན་ཡོད་པ་རེད། དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་འགྲེལ་བརྗོད་གནང་དོན།
ཐུབ་བསྟན་བསམ་འཕེལ་ལགས་དམ་པ་དེས་ཕྱི་དྲིལ་ལས་ཁུངས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གཙོས་བོད་མིའི་སྒྲིག་འཛུགས་ལ་མི་ལོ་བཞི་བཅུ་མ་ཟིན་ཙམ་གྱི་རིང་ཞབས་ཞུ་ཧུར་ཐག་ཞུས་ཡོད་པ་དང་། ལྷག་པར་དུ་ཁོང་བཞུགས་པའི་རིང་གཞུང་ལ་སྲི་ཞུ་བསྒྲུབ་སྟངས་ཐད་མི་རབས་གཞོན་པ་ཚོས་མིག་དཔེ་ལྟ་འོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།
ཁོང་ཆུང་དུས་ནས་རྒྱ་གར་བྱང་ཤར་ཀ་ལིང་སྤུངས་དང་། རྒྱ་གར་གྱི་མཐོ་སློབ་དང་། ཀོ་ལིམ་བྷི་ཡ་བཅས་ནས་རིག་གནས་སྤྱི་དང་གསར་འགོད་པའི་སློབ་གཉེར་སོགས་གནང་ཡོད་སྟབས་རིག་གནས་སྤྱི་དང་ལྷག་པར་དུ་དབྱིན་ཇིའི་གནས་ཚད་ཧ་ཅང་མཐོན་པོ་ཡོད་པ་རེད་འདུག  ཁོང་ལ་བོད་དོན་དང་འབྲེལ་བའི་ཐད་བརྩམས་ཆོས་པོད་གསུམ་ཙམ་ཡོད་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་གསུང་གི་འདུག 
རྩ་བའི་བཙན་བྱོལ་བོད་མིའི་མི་འབོར་ཁ་གྲངས་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན། ཤེས་ཡོན་ཅན་དང་། ལྷག་པར་དུ་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་མཁན་དམ་པ་ཁོང་ལྟ་བུ་ད་ལན་འདས་གྲོངས་སུ་ཕེབས་ཏེ་ཡིད་སྐྱོ་བའི་གནས་ཚུལ་ཐོན་པ་འདི་བཞིན་ཧ་ཅང་ཕངས་པོ་རེད་ཅེས་གསུང་གི་འདུག གཞུང་ཞབས་ཟུར་པ་ཐུབ་བསྟན་བསམ་འཕེལ་དམ་པ་དེ་ཉིད་ཀ་ལོན་སྦུག་ནས་སློབ་གྲྭ་མཐོ་འབྲིང་བར་ཐོན་རྗེས། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་རབ་འབྱམས་པ་དང་ལོ་རྒྱུས་རིག་པའི་ཆེད་ལས་སློབ་སྦྱོང་དང་། ཨ་རི་ཀོ་ལོམ་བྷེ་ཡ་རུ་གསར་འགོད་པའི་ཆེད་སྦྱོང་གནང་ཡོད་པ་རེད་འདུག 
ཁོང་ཕྱི་ལོ་ ༡༩༩༩ ནས་ ༢༠༡༢ བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པའི་ཕྱག་ལས་གཅིག་ལྕོགས་གནང་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ནས་ ༢༠༡༨ བར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ཐུགས་འགན་བཞེས་རྗེས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད་འདུག ། ཁོང་ཕྱི་ལོ་ ༡༩༨༥ ལོར་བོད་དུ་སྐུ་ཚབ་ཚོགས་ཆུང་གི་ཁོངས་སུ་བོད་དང་རྒྱ་ནག་ཏུ་ཕེབས་ཡོད་པ་དང་། ཁོང་གིས་རྒྱ་གར་དང་རྒྱལ་སྤྱིའི་ཚགས་པར་དང་དུས་དེབ་སྟེང་བོད་ཀྱི་གནད་དོན་སྐོར་རྩོམ་ཡིག་མང་པོ་བྲིས་མྱོང་ཡོད་པ་རེད་འདུག 
ཁོང་གློ་བུར་དུ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ནས་དེ་རིང་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྨོན་ལམ་གསུང་འདོན་དང་། མྱ་ངན་གུས་འདུད་ཞུ་ཆེད་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་དང་། ཆོས་རིག་ལས་ཁུངས་ནས་ཚོགས་ཁང་ནང་མཆོད་འབུལ་སྨོན་ལམ་གོ་སྒྲིག་བཅས་ཞུས་གནང་སོང་།

གསར་འགོད་པ། བློ་བཟང་།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎