རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མུ་མཐུད་དུ་རོགས་དངུལ་སྤྲོད་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་འདུག

2020-09-25
གློག་འཕྲིན།
མཆན།
Share
པར་བཀོད།
དོན་ལྡན་གླིང་བོད་མིའི་གཞིས་ཆགས།
དོན་ལྡན་གླིང་བོད་མིའི་གཞིས་ཆགས།
དྲ་བཤུས།/vrundashankara

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་གྱི་ནང་སྲིད་ལས་ཁུངས་ལ་གཞིས་ཆགས་སྲ་བརྟན་གྱི་ལས་འཆར་འགྲོ་གྲོན་ཆེད་རོགས་དངུལ་ཞུས་པ་ལྟར། རྒྱ་གར་གཞུང་གི་ནང་སྲིད་ལས་ཁུངས་ཀྱིས། སྔར་རྒྱུན་ལྟར་རོགས་དངུལ་མུ་མཐུད་དུ་སྤྲོད་རྒྱུའི་ཐད་དགོངས་བཞེས་གནང་གི་ཡོད་པའི་སྐོར་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(The Economic Times)་གསར་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་གར་གཞུང་གི་ནང་སྲིད་ལས་ཁུངས་ཀྱི་དཔོན་རིགས་ཤིག་གིས་གོང་ཞུས་གསར་ལས་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གཞུང་གིས་བོད་མིའི་གཞིས་ཆགས་སྲ་བརྟན་གྱི་ལས་འཆར་ཆེད། ཕྱི་ལོ་༢༠༡༥་དང་༡༦་གི་དངུལ་རྩིས་འཆར་འབུལ་ནང་། ཕྱི་ལོ་༢༠༢༠་ལོའི་བར། ལོ་ལྔའི་རིང་རོགས་དངུལ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་ཀྱང་། དེའི་རྗེས་སུ་མུ་མཐུད་གནང་མིན་གསལ་ཁ་གསལ་སྟོན་མེད་པ་གསུངས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་གོང་ཞུས་གསར་ཤོག་ལ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་ལོ་༣་ནས་༥་ཙམ་གྱི་བར་མུ་མཐུད་རོགས་དངུལ་གསོལ་སྩལ་ཡོང་བ་ཞུས་པ་དང་། གཞིས་ཆགས་ཁག་ཅིག་ནང་ལས་གཞི་འཕྲོས་ལྷག་མཇུག་སྐྱོང་དགོས་པ་ཁག་ཅིག་ཡོད་པ་མ་ཟད། གཞིས་ཆགས་ཁག་ཅིག་དེ་སྔའི་འཆར་འབུལ་ནང་མ་ཚུད་པ་དེ་འདྲ་ཡོད་པས། གཞིས་ཆགས་ཁག་ཉམས་གསོའི་ཆེད་རྒྱ་གར་གཞུང་གི་རོགས་དངུལ་དགོས་གལ་ཆེན་པོ་ཡོད་པ་གསུངས་འདུག
མཚན་འདོན་མ་གནང་བའི་རྒྱ་གར་གཞུང་གི་ནང་སྲིད་ལས་ཁུངས་ནང་གི་ངལ་སེལ་རོགས་སྐྱོར་གྱི་ལས་དོན་ཐོག་འགན་འཁུར་གནང་མཁན་དཔོན་རིགས་མཐོ་གྲས་ཤིག་གིས། གོང་ཞུས་གསར་ལས་ཁང་ལ། རྒྱ་གར་གཞུང་གིས་བོད་མིའི་གཞིས་ཆགས་ཀྱི་འཛིན་སྐྱོང་ལས་དོན་དང་གཞན་ཡང་མང་ཚོགས་ལྟ་སྐྱོང་གི་ལས་དོན་ལ། ལོ་ལྟར་ཧིན་སྒོར་ས་ཡ་༨༠་ཙམ་གནང་གི་ཡོད་པ་དང་། དེ་རྣམས་གཙོ་བོ་དགོན་སྡེ་གྲྭ་ཚང་ཁག་ཉམས་གསོ་དང་། གཞིས་ཆགས་ནང་ལམ་ཁ་བཟོ་བཅོས་དང་གློག་འཐེན་རྒྱུ་སོགས་སྤྱི་ཚོགས་ཀྱི་ཕན་བདེའི་ཆེད་འགྲོ་གྲོན་གཏོང་གི་ཡོད་པ་ངོ་སྤྲོད་གནང་འདུག
རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་༣༦་ཡོད་པ་དང་། དེ་དག་ནང་བཙན་བྱོལ་བོད་མི་ཆིག་འབུམ་གཅིག་ཁྲི་ཙམ་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་པ་བཀོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།