ལྡི་ལིར་བསྐྱང་རྒྱུའི་རྒྱ་གར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོར་འགྱུར་བ་ཕྱིན་འདུག


2018.03.06
རྡ་རམ་སཱ་ལའི་གངས་ཅན་སྐྱིད་གཤོང་། ༢༠༡༧།༡༡ རྡ་རམ་སཱ་ལའི་གངས་ཅན་སྐྱིད་གཤོང་། ༢༠༡༧།༡༡
Lhuboom/RFA

མི་རིང་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་བསྐྱང་འཆར་ཡོད་པ་དེར་འགྱུར་བ་ཕྱིན་ཏེ་ད་ཆ་མཛད་རིམ་དེ་བཞུགས་སྒར་རྡ་རམ་ས་ལར་གནང་རྒྱུ་བྱས་འདུག
དེ་ཡང་འདི་ཚེས་༦་ཉིན་རྒྱ་གར་གྱི་ཧིན་རྡུའི་དུས་བབ་(Hindustan Times)་ཉིན་རེའི་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་འཆར་ལྟར་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་དེ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་རྒྱལ་ལྡི་ལིའི་ནང་ཡོད་པའི་(Thyagaraja)་རྩེད་ཐང་ཆེན་མོའི་ནང་བསྐྱང་རྒྱུ་གཏན་འབེབས་བྱས་བ་མ་ཟད། མཛད་སྒོ་དེའི་ཐོག་རྒྱ་གར་གྱི་སྲིད་བློན་ཟུར་པ་(Dr. Manmohan Singh)་ དང༌། གཞུང་འཛིན་(BJP)་ ཚོགས་པའི་དབུ་ཁྲིད་མཐོ་གྲས་ཡིན་པ་སྐུ་ཞབས་(LK Advani)་སོགས་སྐུ་མགྲོན་དུ་གདན་འདྲེན་ཞུས་ཡོད་ཀྱང༌། ཉིན་ཤས་སྔོན་རྒྱ་གར་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་ (K Sinha) ཡིས་རྒྱ་གར་དབུས་གཞུང་གི་ལྷན་ཁང་ཁག་ལ་བཀའ་ཁྱབ་ཞིག་གནང་བའི་ནང༌། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་གཞི་རྒྱ་ཆེ་བའི་མཛད་སྒོ་ཞིག་བསྐྱང་འཆར་ཡོད་པ་མ་ཟད། མཛད་སྒོ་དེའི་ཐོག་རྒྱ་གར་གྱི་ཆེ་མཐོའི་དཔོན་རིགས་སྐུ་མགྲོན་དུ་གདན་འདྲེན་ཞུ་འཆར་ཡོད་ཀྱང༌། མཛད་སྒོ་དེའི་ཐོག་རྒྱ་གར་གྱི་དཔོན་རིགས་དང་གཞུང་འབྲེལ་ལས་བྱེད་ཚོ་མཉམ་ཞུགས་བྱ་རྒྱུ་འོས་འཚམ་མིན་པར་སོང༌། དེ་ལྟར་མི་ཡོང་བ་བྱེད་དགོས་ཞེས་གསལ་ཡོད་ཅིང༌། བརྒྱུད་ལམ་ཁག་ཅིག་ནང་རྒྱ་གར་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེའི་བཀའ་ཁྱབ་དེ་བཞིན་རྒྱལ་ཁབ་དེའི་ཕྱི་སྲིད་དྲུང་ཆེ་(Vijay Gokhale) ཡིས་བརྒྱུད་སྐུལ་གྱི་ཐོག་ནས་བྱུང་བ་ཞིག་ཡིན་སྐོར་གསལ་འདུག་པ་ལྟར། གང་ལྟར་རྒྱ་གར་གཞུང་གིས་གོང་ཞུས་བཀའ་ཁྱབ་དེ་བཏང་བའི་རྗེས། ད་ཆ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དེ་རྒྱ་གར་རྒྱལ་ས་ལྡི་ལིར་མིན་པར་བཞུགས་སྒར་རྡ་རམ་ས་ལར་བསྐྱང་རྒྱུ་ཡིན་པ་མ་ཟད། མཛད་སྒོ་དེ་ཉིན་གཅིག་སྔ་ནུར་གྱིས་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བསྐྱང་རྒྱུ་བྱས་འདུག འགྱུར་བ་འདིའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་འགྲུབ་ལགས་ལ་དགོངས་ཚུལ་བཀའ་འདྲི་ཞུས་པའི་ལན་དུ། རྒྱ་གར་གཞུང་ལ་མཛད་དཀའ་ཡོད་པ་ང་ཚོས་བསམ་ཤེས་ཐུབ་ཀྱི་འདུག འོན་ཀྱང་རྒྱ་གར་གཞུང་མང་གཉིས་ནི་ང་ཚོ་བོད་མི་ཚོར་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་ཅེས་གསུང་འདུག་པ་དང༌། ཡང་ད་ལམ་གྱི་བརྡ་ཁྱབ་དེ་ཡིས་རྒྱ་གར་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པའི་རྟགས་མཚན་ཡིན་མིན་འདྲི་རྩད་བྱས་པའི་ལན་དུ། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་འདི་ཚེས་ ༢ ཉིན་ལན་འདེབས་གནང་བའི་ནང༌། རྒྱ་གར་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མའི་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ཅེས་གསུང་ཡོད་པ་གནས་ཚུལ་བཀོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎