རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུས་འདུག

2016-08-16
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་དར་སྒྲེང་བཞིན་པ། ༢༠༡༦།༨།༡༦
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་རྒྱལ་དར་སྒྲེང་བཞིན་པ། ༢༠༡༦།༨།༡༦
tibet.net/RFA

བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲི་ཞུས་འདུག
དེ་ཡང་ཟླ་འདིའི་སྤྱི་ཚེས་༡༥་ཉིན་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས། དེ་སྔ་སྤྱི་ལོ་༡༩༤༧་ཟླ་༨་ཚེས་ ༡༥་ཉིན་རྒྱ་གར་དབྱིན་ཇིའི་དབང་འཛིན་འོག་ནས་རང་བཙན་ཐོབ་ནས་ད་བར་མི་ལོ་༧༠་འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར། ཉིན་དེར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལས་ཁུངས་ཀྱི་གི་མདུན་ཐང་དུ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་འཕར་ཡན་གྱི་སྲི་ཞུ་བ་རྣམ་པ་ཚང་འཛོམས་ཐོག་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་སྦྲགས། རྒྱ་གར་རྒྱལ་གླུ་བཏང་ནས་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
སྐབས་དེར་སྲིད་ཚབ་མཆོག་གིས་རྒྱ་གར་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༠་འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཡོད། ངས་དུས་ཆེན་ཁྱད་པར་ཅན་སྐབས་འདིར་བོད་མིའི་སྒྲིག་འཛུགས་སྤྱི་དང་འཛིན་སྐྱོང་བཀའ་ཤག དེ་བཞིན་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་རྒྱ་གར་གཞུང་མང་བཅས་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།
དེ་དང་ཆབས་ཅིག་རྒྱ་གར་དབུས་གཞུང་དང་། རྒྱ་གར་རྒྱལ་ཡོངས་མི་མང་། ཕྱོགས་མཚུངས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་གཙོས་བོད་དོན་ཐོག་འདས་པའི་ལོ་༦༠་ནང་ཧ་ཅང་བཀའ་དྲིན་ཆེ་བའི་མངའ་སྡེ་ཁག་ལའང་དེ་རིང་གོ་སྐབས་འདི་བརྒྱུད། ངས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རྒྱ་གར་རྒྱལ་ཁབ་ཆེན་པོ་འདི་འབྱུང་འགྱུར་ལོ་གཅིག་ནང་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པ་དང་། ཆར་ཆུ་དུས་སུ་བབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། མང་ཚོགས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཅིང་། སྲིད་གཞུང་མངའ་ཐང་ལྡན་པ་ཞིག་ཡོང་བར་བོད་མི་ཚོས་ངོས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བཤད་གནང་འདུག །
གཞན་ཡང་མཛད་སྒོ་དེ་གྲོལ་མཚམས་རྡ་ས་སྐོར་སྲུང་ཉེན་རྟོག་པའི་རྩེད་ཐང་ཆེན་མོའི་རུ་སྒྲིག་མཛད་སྒོར་ཇི་ལྟར་མགྲོན་འབོད་ཞུས་དོན་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་གཙོས་པའི་སྤྱི་འཐུས་ཁག་ཅིག་མཉམ་ཞུགས་གནང་ཡོད་འདུག།   

གསར་འགོད་པ་ཀརྨ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།