ལོ་གསར་བའི་ནང་བོད་མི་ཚོས་མཐུན་ལམ་ངང་མི་རིཊ་ཀྱི་འཐབ་རྩོད་ལ་འབད་རོགས།

2018-02-15
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས། ༢༠༡༨
སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས། ༢༠༡༨
དྲ་བཤུས།

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་ས་ཁྱི་ལོའི་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་སོ་སོར་བོད་མི་ཡོངས་ལ་བོད་རྒྱལ་ལོ་༢༡༤༥རབ་གནས་ས་ཁྱི་ལོའི་ལོ་གསར་ལ་རྟེན་འབྲེལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་ཡོད་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁོང་དང་བཀའ་ཤག་གི་ཚབ་གནང་སྟེ་བོད་མི་ཚོས་སྙིང་ནས་གུས་བརྩི་ཞུ་ཡུལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་རང་རིགས་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་དང་། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་གནང་མཁན་དང་། ལྷག་པར་རྒྱ་གར་གྱི་གཞུང་མང་གཉིས་ཀྱི་བཀའ་དྲིན་སྙིང་བཅང་ཐོག་ས་ཁྱི་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། ད་ལོ་ནི་སྤྱི་ལོ་༢༠༠༨ལོ་བོད་ནང་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐེངས་༡༠པ་དང་། རྒྱ་ནག་དམར་ཤོག་གི་དཔུང་དམག་གིས་བོད་ཐོག་ཁྲག་དྲི་བྲོ་བའི་དྲག་གནོན་བཙན་བཟུང་བྱས་ཏེ་ལོ་ངོ་༦༠འཁོར་བའི་དུས་དྲན་འཁེལ་གྱི་ཡོད་ཅིང་། ད་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱིས་འབད་བརྩོན་དང་དབུ་ཁྲིད། བོད་མིའི་ཞུམ་པ་མེད་པའི་
སྙིང་སྟོབས་ལ་བརྟེན་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་བརྟན་པོར་གནས་ཡོད་པར་བོད་མི་ཡོངས་ནས་མུ་མཐུད་བློ་སྟོབས་འགྱུར་བ་མེད་པའི་ཆོད་སེམས་དང་གཅིག་བསྒྲིལ་གྱི་ཐོག་ནས་མདུན་སྐྱོད་བྱེད་དགོས་པ་གསུངས་འདུག
དེ་བཞིན་ཆོས་སྐྱོང་ཁག་གིས་བཀའ་ལུང་ཕེབས་པ་བཞིན་བོད་མི་རྣམས་ནས་སྤྱི་མཐུན་གྱིས་བསོད་ནམས་གསོག་དགོས་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་གཞི་བཅོལ་བའི་བོད་མིའི་ངོ་བོ་དེ་གཅེས་ཉར་ཐུབ་པའི་འབད་བརྩོན་གནང་དགོས་པ་དང༌། བོད་མིའི་ངོ་བོ་གཅེས་ཉར་བྱེད་རྒྱུ་དེ་ནི་བོད་མིའི་རྩ་དོན་གྱི་འཐབ་རྩོད་ཀྱི་ནུས་སྟོབས་འཕེལ་རྒྱས་དང་ཡུན་གནས་ཀྱི་ཆེད་དུ་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུངས་འདུག།
དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཅིག་མཚུངས་ལོ་གསར་འཚམས་འདྲི་གནང་བ་དང་འབྲེལ། བོད་མི་ཚོས་འདས་པའི་ལོ་ཟླ་ལ་ཕྱིར་མིག་བལྟས་ནས་ལོ་གསར་བའི་ནང་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་བར་ཕན་ཐོགས་པའི་ཕྱག་ལས་གནང་དགོས་བ་དང་། ལྷག་དོན་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་བོད་མི་ཚང་མས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་རྒྱུ་ད་ལྟའི་སྐབས་ཧ་ཅང་གལ་ཆེན་ཡིན་པས་དེའི་ཐད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་ནས་མི་རིགས་ཀྱི་འཐབ་རྩོད་ལ་འབད་དགོས་པའི་འབོད་སྐུལ་དང་སྦྲགས། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གསན་པ་རྣམས་དྲན་བཞིན་དུ་ཐུགས་དགྱེས་བའི་ལས་ལ་འབད་དགོས་བ་སོགས་གསུངས་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།