རྒྱ་ནག་མཉམ་གྲོས་མོལ་བྱེད་རྒྱུའི་སྒོ་མོ་ཕྱེ་ནས་ཡོད། ༧གོང་ས་མཆོག་གིས།

2018-08-09
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག 2018/8/8
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག 2018/8/8
OHHDL

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༨ ཚེས་ ༩ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་མངའ་སྡེ་སྦེང་ལོར་རུ་ཞབས་སོར་འཁོད་འཁོད་སྐབས།  མཉམ་མེད་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ། གདན་ས་གྲྭ་ཚང་ཁག་གི་མཁན་པོ་དང་མི་དམངས་ཀྱི་སྐུ་ཚབ་སོགས་ཕེབས་བསུར་བཅར་ཡོད་པ་རེད།
ཚེས་ ༨ ཉིན་རྒྱ་གར་གྱི་མངའ་སྡེ་གྷོ་ཝའི་འཛིན་སྐྱོང་ཤེས་ཡོན་ལྟེ་གནས་ཁང་དུ་རྒྱ་གར་གྱི་གནའ་བོའི་ཤེས་བྱ་དེང་སང་གི་དུས་སུ་ཡང་དགོས་མཁོ་དང་ཕན་ཐོག་ཡོད་པ་ཞིག་ཡིན་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩལ་སྐབས་བོད་ཀྱི་དཀའ་རྙོག་དེ་ཡུལ་དུས་གནས་སྟངས་ལ་གཞིགས་ཏེ་སེལ་དགོས་པ་བཀའ་གནང་པ་དང་།  དེ་ཡང་༧གོང་ས་མཆོག་གི་༧སྐུ་ངོས་ནས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ལ་ཡིད་སྨོན་གནང་མཁན་ཞིག་ཡིན་པ་དང་། སྒྲིག་འཛུགས་དེའི་ཚོགས་ཁོངས་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་སོ་སོའི་ཁེ་ཕན་ལས་སྤྱི་པའི་ཁེ་ཕན་གལ་ཆེ་བར་བརྩིས་ཀྱི་ཡོད་པ་དེར་ཐུགས་ཡིད་རངས་དང་བསྔགས་བརྗོད་གནང་གི་ཡོད་པ་བཀའ་གནང་སྟེ།  གནས་དུས་ལ་འགྱུར་བ་ཕྱིན་པའི་དབང་གིས་འཛམ་གླིང་གི་རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་ཐག་ཡང་ཉེ་རུ་འགྲོ་བཞིན་ཡོད་སྟབས། བོད་རང་བཙན་བྱས་ན་ཕན་ཐོགས་ཆེ་བ་ཡོད་དང་། ཡང་ན་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་རང་དབང་གི་ཐོབ་ཐང་དེ་དག་ཡོངས་རྫོགས་ཡོད་པའི་ཐོག་ནས་རྒྱ་ནག་གི་ཆ་ཤས་བྱས་ནས་བསྡད་ན་ཕན་ཐོགས་ཆེ་བ་ཡོད་མེད་གསུང་ཚོད་མ་ཐིག་པ་ལྟ་བུ་ཡོད་ན་ཡང་།  ༧གོང་ས་མཆོག་གི་༧སྐུ་ངོས་ནས་བོད་མི་ཚོར་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་ཐོབ་ཐབ་ཚད་ལོངས་པ་ཞིག་འབྱུང་ཚེ་རྒྱ་ནག་གི་ཆ་ཤས་སུ་གནས་ཀྱང་འོས་འཚམས་ཤིག་ཡིན་པ་དགོངས་ཀྱི་ཡོད་པ་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས ཆོས་དང་རིག་གཞུང་གཅིག་པའི་བོད་ས་ཡོངས་རྫོགས་མཉམ་དུ་གནས་ཐབས་བྱེད་རྒྱུ་གལ་ཆེ་བ་བསམ་གྱི་ཡོད། བྱས་ཙང༌། ང་ཚོའི་ངོས་ནས་རྒྱ་ནག་མཉམ་གྲོས་མོལ་བྱེད་རྒྱུའི་སྒོ་མོ་ཕྱེ་ནས་བཞག་ཡོད་ཅེས་བཀའ་གནང་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༡༠ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔས་གོ་སྒྲིགས་ཞུས་པའི་ཀར་ན་ཊ་ཀ་མངའ་སྡེའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་དབུ་མགོན་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་ཞིང་།  ཕྱི་ཚེས་ ༡༡ དང་ ༡༢ སོ་སོར་  ཝིདྷྱ་ལོཀ་ཞེས་པ་ཤེས་རབས་དང་སྣང་བའི་ཚོགས་པ་ཟེར་བས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར།  དུས་རབས་ཉི་རྩ་གཅིག་པའི་ནང་སྙིང་སྟོབས་དང་སྙིང་རྗེ་ཅེས་པ་དང་། དེང་དུས་འཛམ་གླིང་ནང་རྒྱ་གར་གྱི་ཤེས་རབ་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
Share
དྲ་གནས་ཆ་ཚང༌།