བོད་ཕྱི་ནང་གི་མི་དམངས་ཚོ་བློ་བདེ་བོ་བྱས་ནས་སྡོད་རོགས། ༧གོང་ས་མཆོག་གིས།

2018-08-14
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྷ་གྷལ་གནམ་ཐང་དུ། ༢༠༡༨།༨།༡༤
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྷ་གྷལ་གནམ་ཐང་དུ། ༢༠༡༨།༨།༡༤
RFA

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ་དང་སྐུ་ངལ་གསོ་གནང་རྒྱུ་ཡིན་པ་བཀའ་སྩལ་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཟླ་བ་གཅིག་ལྷག་གི་རིང་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་དང་། ལྷོ་ཕྱོགས་ཀྱི་གྷོ་བ་མངའ་སྡེ། ཀར་ན་ཊ་ཀ་མངའ་སྡེ་བཅས་སུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ། ཕྱི་ཟླ་༨པའི་ཚེས་༡༤ཉིན་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལ་ཁུལ་དུ་ཆིབས་བསྒྱུར་ཞབས་སོེར་བདེ་བར་འཁོད་གནང་མཛད་ཅིང་།  བཞུགས་སྒར་གྱི་གྷ་གལ་གནམ་ཐང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་ཚོར། ཐེངས་འདིའི་ཟླ་བ་གཅིག་ལྷག་གི་ཆིབས་བསྒྱུར་མཛད་འཕྲིན་མང་དྲག་པའི་རྐྱེན་གྱི་༧སྐུ་ཐང་འཕྲན་བུ་མཉེལ་བ་བཀའ་གནང་ཞིང་།  དགུང་གྲངས་ ༨༣ ལ་ཕེབས་པའི་སྐུ་གཟུགས་ཀྱིས་མཛད་འཕྲིན་ལ་ཚོད་རྩིས་དགོས་པའི་བརྡ་ལན་བཏང་གི་འདུག་ཅེས་བཀའ་གནང་ཡོད་པ་རེད།
འོན་ཀྱང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོ་བོ་ནི་སེམས་ཅན་གཞན་ལ་ཕན་འདོགས་རྒྱུ་དེ་ཡིན་སྟབས། ཐེངས་འདིའི་ཆིབས་བསྒྱུར་གྱི་ཐོག་ནས་ཕན་ཐོག་གང་འཚམས་བྱུང་བ་བཀའ་གནང་ཡོད་ལ། ད་ཆ་རྡ་རམ་ས་ལར་སྐུ་ལྷོད་ཞུགས་གནང་རྒྱུ་ཡིན་པས། བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོ་བློ་བདེ་པར་སྡོད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ཡང་རྒྱ་གར་གསར་འགོད་པ་ཚོས་༧གོང་ས་མཆོག་ལ་མཛད་འཕྲིན་རྒྱས་པོ་འདི་འདྲ་ཅི་ལྟར་གནང་ཐུབ་པ་རེད་ཅེས་བཀའ་དྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ལ་ལུས་པོ་སྟོབས་ལྡན་ཅིག་ཡོད་ཅེས་ཞལ་ཞོག་མཛད་པ་དང་ཆབས་ཅིགགཙོ་བོ་སེམས་ལ་ཞི་བདེ་ཡོད་པ་དེས་ཁྱད་པར་ཆེན་པོ་ཡོང་གི་འདུག་ཅེས་བཀའ་སྩལ་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་བཀོད་པའི་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་ ༩ ཚེས་ ༤ ནས་ ༧ བར་ ཉིན་གྲངས་བཞིའི་རིང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ (Indonesia)དང་། Korea Malaysia Singapore Thailand Vietnam སོགས་གཙོས་པའི་ཨེ་ཤ་ཡའི་དད་ལྡན་གཙོ་བོར་གྱུར་བའི་ཆོས་ཞུ་བར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་གསུང་ཆོས་འཕྲོ་སྐྱོང་མཛད་རྒྱུ་དང་། ཕྱི་ཟླ་༩པའི་ཚེས་ ༡༢ ཉིན་ (Sweden) གྱི་(Malmo) གྲོང་ཁྱེར་དུ་བདེ་སྐྱིད་ཀྱི་ཐབས་ལམ་དང་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ།  དེ་ནས་རིམ་པས་་ཕྱི་ཟླ་༩པའི་ཚེས་ ༡༦ ནས་༢༣བར་ (Netherland) དང་། ཇར་མན་ནི། སུས་སི་བཅས་ཡུ་རོབ་ཡུལ་ཁག་ཏུ་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་གསུངས་བཤད་སོགས་ཀྱི་མཛད་འཆར་སྐྱོང་གནང་མཛད་རྒྱུ་ཡིན་འདུག།   

གསར་འགོད་པ་བློ་བྷེ་དང་། དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།