༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་ས་ནས་ཆིབས་བསྒྱུར།
2018.09.10
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཡུལ་གྲུ་ནེ་ཐར་ལེནཌ་དང་སུཝེ་ཌེན། འཇར་མེ་ནི། སུད་ཛར་ལེནཌ་བཅས་སུ་ཆིབས་བསྒྱུར་མཛད་འཕྲིན་ཆེད་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་མཛད་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་ལགས་ཀྱིས་ན་ནིང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱིའི་རྒྱལ་ཁག་ཏུ་ཆིབས་བསྒྱུར་གྱི་མཛད་འཆར་ཇེ་ཉུང་དུ་བཏང་ཡོད་ཀྱང་། རྒྱ་གར་ནང་གི་མཛད་འཕྲིན་ཇེ་མང་དུ་ཕྱིན་ཡོད་པ་དང་། ད་ཐེངས་༧གོང་ས་མཆོག་ཡོ་རོབ་རྒྱལ་ཁབ་(Neitherland) དང་(Sweden) འཇར་མན། སུད་སི་བཅས་སུ་ཆིབས་བསྒྱུར་གྱིས་མཛད་འཆར་འདྲ་མིན་ཡོད་པ་འདིོ་ག་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།
ཡོངས་ཁྱབ་གནང་ཟིན་པའི་མཛད་འཆར་ལྟ་ན། སྤྱི་ཟླ་༩པའི་ཚེས་༡༢ཉིན་སུཝེ་ཌན་མལ་མའོ་གྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་(Individuell Människohjälp(IM))ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཞི་བདེ་དང་བདེ་སྐྱིད་སྒྲུབ་ཐབས་(Happiness and Peace)ཀྱི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་།
ཕྱི་ཟླ་ ༩པའི་ཚེས་༡༦ཉིན་གྱི་སྔ་དྲོར་ནེ་ཌིར་ལན་ཌིའི་གྲོང་ཁྱེར་རོ་ཊིར་ཌམ( Rotterdam)གྱི་ཨ་ཧོ་རོ་ཊིར་ཌམ་(Ahoy Rotterdam)ཚོགས་ཁང་དུ། དཀའ་རྙོག་ཆེ་བའི་འཛམ་གླིང་ནང་ཅིའི་ཕྱིར་སྙིང་རྗེ་དགོས་གལ་ཆེ་བ་ཡིན་(Why Compassion is Essential in our Troubled World)ཞེས་པའི་བརྗོད་གཞིའི་ཐོག། མི་མང་ལ་བཀའ་སློབ་དང་། ཡང་ཕྱི་ཚེས་༡༧ཡང་ཉིན་ཨ་ཧོ་རོ་ཊིར་ཌམ་( Ahoy Rotterdam)ཚོགས་ཁང་དུ། བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད།
ཕྱི་ཚེས་༡༩་ཉིན་གྱི་སྔ་དྲོར་འཇར་མན་གྱི་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུད་སི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་གཉིས་ཀྱིས་གོ་སྒྲིག་ཞུས་ཏེ། འཚེ་བ་མེད་པ་དང་ཞི་བདེ་ཞེས་པའི་ཚོགས་འདུར་དབུ་བཞུགས་མཛད་རྒྱུ་དང་། ཕྱི་ཚེས་༢༡དང་༢༢ཉིན་སུད་སིར་རྟེན་གཞི་བྱེད་པའི་རི་ཀོན་ཆོས་འཁོར་དགོན་པ་གསར་བཞེངས་གནང་སྟེ་ལོ་ངོ་༥༠འཁོར་བའི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱང་གཏན་ཁེལ་ཡོད་པ་རེད།
གཞན་ཕྱི་ཚེས་༢༣ཉིན་གྱི་སྔ་དྲོར་སུད་སི་ཛི་རིག་གྲོང་ཁྱེར་དུ་རི་ཀོན་ཆོས་འཁོར་དགོནཔ་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཛི་རིག་ཧ་ལེན་སཊ་ཌིཨོན་(Zurich Hallenstadion)ཚོགས་ཁང་དུ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་མཆོག་གིས་མཛད་པའི་བསྒོམ་རིམ་བར་པ། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་གསུང་ཆོས་གནང་རྒྱུ་ཡིན་པ་རེད།
གསར་འགོད་པ་བློ་བྷེ་དང་། རྡོ་རྗེ་མཚོ།