༧གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་ཀྱི་སྐུ་དབང་༧གོང་ས་མཆོག་ལས་གཞན་སུ་གང་ལ་མེད། སྲིད་སྐྱོང་མཆོག་གིས།

2021-09-16
Share
༧གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་ཀྱི་སྐུ་དབང་༧གོང་ས་མཆོག་ལས་གཞན་སུ་གང་ལ་མེད། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་སྐབས། ༩།༠༡།༢༡
tibet.net

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཐད་མཐའ་མའི་ཐག་གཅོད་ཀྱི་སྐུ་དབང་ནི་༧གོང་ས་མཆོག་སྐུ་ཉིད་ལ་ཡོད་པ་ལས་གཞན་སུ་གང་ལ་མེད་པ་རེད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཧིན་རྡུ་དུས་བབ་(Hindustan Times)་ལ་ཕྱི་ཟླ་༩་ཚེས་༡༥་ཉིན་གསུངས་འདུག
དེ་སྔའི་ཨ་རིའི་སྲིད་འཛིན་(Trump)་མཆོག་གིས་༢༠༢༠་ལོའི་ཟླ་༡༢་ཚེས་༢༧་ཉིན། ཨ་རིའི་སྔོན་རྩིས་ཁྲིམས་འཆར་དང་མཉམ་མཚན་རྟགས་བསྐྱོན་པའི་༢༠༢༠་ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དངོས་སུ་ཨ་རིའི་ཁྲིམས་གཞི་གཏན་འབེབས་བྱུང་པའི་ནང་། ༧གོང་ས་མཆོག་གི་ཡང་སྲིད་ཐད། བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ་དང་། གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་གསལ་ཡོད་པ་རེད།
དེ་བཞིན་ཉེ་ལམ་སྤྱི་ཟླ་དྲུག་པའི་ནང་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་རྒྱ་ནག་གི་བཟོ་ལས་རིག་རྩལ་གྱི་ཉེན་ཁར་གདོང་ལེན་ཆེད་གཏན་འབེབས་གནང་བའི་ཁྲིམས་འཆར་གསར་བའི་ནང་། བོད་དང་འབྲེལ་བའི་དོན་ཚན་ཁ་ཤས་བཀོད་ནས། ཨ་རིའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་པ་གསལ་སྟོན་གནང་ཡོད་པ་རེད།
དེ་བཞིན་ཡོ་རོབ་གྲོས་ཚོགས་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་རྣམ་པས་ཀྱང་དེ་སྔ་ནས་མ་འོངས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་དབང་མེད་པ་བརྗོད་ཡོད་པ་རེད།

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།