རྡ་སར་༧གོང་ས་མཆོག་དབུ་བཞུགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སོ་བཞི་པ།

2019-10-30
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་སར་༧གོང་ས་མཆོག་དབུ་བཞུགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སོ་བཞི་པ། 2019/10/30
རྡ་སར་༧གོང་ས་མཆོག་དབུ་བཞུགས་ཀྱིས་སེམས་དང་སྲོག་གི་བགྲོ་གླེང་ཐེངས་སོ་བཞི་པ། 2019/10/30
OHHDL

རྒྱ་གར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༣༤་པ་ཚོགས་གནང་བཞིན་འདུག
ཨ་མི་རི་ཀའི་(Virginia)་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་གིས་གོ་སྒྲིག་འོག ཟླ་བ་འདིའི་སྤྱི་ཚེས་༣༠་ཉིན་རྒྱ་གར་རྡ་རམ་སཱ་ལའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ཐེངས་༣༤་པ་དེ་བྱམས་བརྩེ་དང་། འགྲོ་བ་མིའི་བར་གྱི་འབྲེལ་ལམ་དང་འགྱུར་ལྡོག་ཟེར་བའི་བརྗོད་གཞི་ཐོག་ཉིན་གཉིས་ཀྱི་རིང་བགྲོ་གླེང་གནང་གི་ཡོད་འདུག་ཅིང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། དེང་གི་ཚན་རིག་གི་ནང་དུ་རྡུལ་ཕྲན་ཕྲ་མོ་ཚུད་པའི་འཛམ་གླིང་གི་ཕྱིའི་དངོས་པོ་སོགས་ལ་ཉམས་ཞིབ་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་ཧ་ཅང་གི་གཏིང་ཟབ་པོ་ཡོད་པ་རེད། འོན་ཀྱང་། སེམས་དང་སེམས་མྱོང་སྐོར་འགྲེལ་བཤད་རྒྱག་པའི་སྐབས། དེང་དུས་ཀྱི་ཚན་རིག་གི་འདང་གི་མེད་པ་རེད། དེར་བརྟེན་ང་ཚོའི་ལྷན་ཚོགས་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་ནང་སེམས་དང་འབྲེལ་བའི་སྐོར་གྲོས་བསྡུར་དང་དེའི་རྒྱུན་ང་ཚོས་འཛམ་གླིང་ནང་ཞབས་འདེགས་གང་ཐུབ་ཞུ་རྒྱུ་དེ་རེད་ཅེས་བཀའ་ཕེབས་ཡོད་པ་རེད།
ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་དེའི་ནང་གཏམ་བཤད་པ་གཙོ་བོ་གཉིས་ཡོད་པ་ལས་གཅིག་སྟེ། ཨ་རི་(Binghamton)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཚན་རིག་པ་སྐུ་ཞབས་(David Wilson)་ལགས་ཀྱིས་སྐྱེ་དངོས་རིག་པའི་རྣམ་བཞག་ཐོག་གཏམ་བཤད་གནང་ཡོད་ཅིང་། སྐབས་དེར་ཚན་རིག་པ་ཁོང་གིས། སྤྱི་ཚོགས་ཤིག་གི་ནང་གང་ཟག་མི་སྒེར་ཞིག་གཅིག་པུ་ཡིས་གཞན་ཕན་གྱི་ལས་ཀ་རྐྱང་རྐྱང་བྱེད་པའི་སྐབས། གང་ཟག་གཞན་ཚོས་དེ་ལྟ་བུའི་གཞན་ཕན་གྱི་ལས་ཀའི་རིགས་མ་བྱས་ཚེ། གཞན་ཕན་གྱི་བློ་ཡོད་པའི་གང་ཟག་དེར་གྱོང་གུད་ཆེན་པོ་རག་གི་ཡོད་པར་བརྟེན། དེ་འདྲའི་གནས་སྟངས་རིགས་ལ་ཆ་རྐྱེན་དུ་མ་ཞིག་དགོས་གལ་ཆེ་བའི་སྐོར་བསམ་ཚུལ་བརྗོད་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས། ཚན་རིག་པ་ཚོས་འགྲེལ་བརྗོད་གནང་བ་བཞིན། ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་རེད། མི་སྒེར་ཞིག་གི་འཚོ་གནས་ཡོངས་སུ་རྫོགས་པ་སྤྱི་ཚོགས་ལ་བརྟེན་ཡོད། དེར་བརྟེན་རང་ཉིད་ཀྱིས་སྤྱི་ཚོགས་ལ་གཅེས་སྤྲས་དང་སེམས་ཁུར་བྱེད་པ་དེས་སོ་སོ་རང་ཉིད་ལ་གཅེས་སྤྲས་བྱས་པ་དང་གཅིག་མཚུངས་རེད་ཅེས་དང་། གལ་ཏེ་སོ་སོས་སྤྱི་ཚོགས་ཀྱི་ཆ་ཤས་གཞན་ལ་བརྩི་མཐོང་དང་གཅེས་སྤྲས་མ་བྱས་ཚེ། དེ་ཡིས་སོ་སོ་རང་ཉིད་ཀྱི་བདེ་སྐྱིད་དང་འཚོ་གནས་སྣང་མེད་དུ་གཏོང་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་དང་། ཡང་སེམས་དང་སྲོག་ལྟེ་གནས་ཁང་གི་སྒྲིག་འཛུགས་དེ་ཉིད་ལ་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན། ད་བར་ལྟེ་གནས་ཁང་དེའི་བརྒྱུད་ནས་ཚན་རིག་པ་མང་པོ་ཞིག་དང་ཐུག་འཕྲད་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཐོབ་སོང་བས། ཤིན་ཏུ་ངོ་མཚར་ཆེ་ལ། ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་ཕེབས་ཡོད་པ་རེད།
ཡང་སྐབས་དེར་སེམས་དང་སྲོག་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། དེ་སྔ་ཡིན་ན་ནུབ་ཕྱོགས་ཀྱི་ཚན་རིག་པས་འགྲོ་བ་མིའི་གཞི་རྩའི་ཀུན་སྤྱོད་དེ་རང་གཅེས་འཛིན་གྱི་བློ་ཡིན་པ་མ་གཏོགས་གཞན་ཕན་གྱི་བློ་དེ་ཕྱི་སུ་ཆོས་དང་རིག་གཞུང་གི་བརྒྱུད་ནས་ཡོང་བ་ཞིག་ཡིན་པ་ལས་སྐྱེ་དངོས་རིག་པའི་ཐོག་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་པར་བརྟེན། འདས་པའི་ལོ་མང་རིང་༧གོང་ས་མཆོག་དང་ཚན་རིག་པ་ཚོ་དེའི་ཐོག་བགྲོ་གླེང་རིམ་པ་མང་པོ་གནང་ཏེ། ད་སྐབས་ནུབ་ཕྱོགས་ཀྱི་ཚན་རིག་པའི་ནང་དུ་ལངས་ཕྱོགས་དེར་འགྱུར་བ་ཕྱིན་པ་དང་། སྐྱེ་དངོས་རིག་པའི་རྣམ་བཞག་གི་བརྒྱུད་ནས་གཞན་ཕན་གྱི་བློ་དེ་ཚོ་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་པ་གསལ་སྟོན་གནང་བཞིན་ཡོད་པ་ཁོང་གིས་འགྲེལ་བརྗོད་གནང་ཡོད་པ་རེད།
ད་རེས་ཀྱི་སེམས་དང་སྲོག་གི་བགྲོ་གླེང་འདི་ནི། དེ་སྔའི་བགྲོ་གླེང་དང་མི་འདྲ་བ་གཏམ་བཤད་པ་ཉུང་ཉུང་ཤིག་ལས་གདན་ཞུ་གནང་མེད་པ་དང་། ༧གོང་ས་མཆོག་དང་ལྷན་དུ་ཕྱག་ཚོད་གཅིག་གི་རིང་གཏམ་བཤད་པ་སོ་སོས་གྲོས་མོལ་གནང་རྒྱུ་ཡིན་པ་དང་། དེའི་རྗེས་ཕྱག་ཚོད་གཅིག་རིང་མཁས་དབང་དང་ཚན་རིག་པ། དེ་བཞིན་ཚོགས་བཅར་སོགས་ཚང་མའི་ལྷན་དུ་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་གནང་གི་ཡོད་པ་རེད།  
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ཐེངས་དང་པོ་དེ། ཕྱི་ལོ་༡༩༨༧་ལོར་བཞུགས་སྒར་རྡ་རམ་ས་ལར་བསྐོང་ཚོགས་གནང་ཞིང་། དེང་སྐབས་འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་མང་པོས་འདིའི་ནང་མཉམ་ཞུགས་དང་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་ཉིན་གཉིས་པ་དེ་སྤྱི་ཟླ་༡༡་སྤྱི་ཚེས་༡་ཉིན་འཚོགས་རྒྱུ་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།