ན་ལེནྜའི་རིག་གཞུང་ལ་བདག་པོ་རྒྱག་རྒྱུ་དགོས་གལ་ཆེ། ༧གོང་ས་མཆོག་གིས།

2018-08-20
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་ཞུགས་པ་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༨།༢༠
༧གོང་ས་མཆོག་གིས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུའི་ཚོགས་ཞུགས་པ་ཚོར་བཀའ་སློབ་གནང་སྐབས། ༢༠༡༨།༨།༢༠
OHHDL

༧གོང་ས་མཆོག་གིས་བོད་ཡིག་ནང་ཡོད་པ་འཛམ་གླིང་གི་སྤྱི་ནོར་ན་ལེནྜའི་རིག་གཞུང་ལ་བདག་པོ་བརྒྱབ་དགོས་པ་ལྔ་དང་ལྔ་བཅུའི་ཚོགས་ཞུགས་པ་ཚོར་བཀའ་སྩལ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁུངས་ནས་གོ་སྒྲིག་གནང་སྟེ། ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ཚོགས་འདུ་ཐོག་མ་བཞུགས་སྒར་རྡ་རམ་སར་ཚོགས་བཞིན་ཡོད་ཅིང་། ཕྱི་ཟླ་༨པའི་ཚེས་༢༠ཉིན། འཛམ་གླིང་གི་ཡུལ་གྲུ་༡༥ནས་ཕེབས་པའི་ཚོགས་ཞུགས་པ་བོད་མི་གཞོན་སྐྱེས་བརྒྱ་ལྷག་ཡོད་པ་ཚོར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  འཛམ་གླིང་གི་ཁྱད་ནོར་དང་སྤྱི་ནོར་དུ་གྱུར་པ། བོད་ཀྱི་སྐད་ཡིག་ནང་ཡོད་པའི་ན་ལེནྜའི་རིག་གཞུང་དེར། བོད་མི་གཞོན་སྐྱེས་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་སློབ་སྦྱོང་བྱེད་དེ་བདག་པོ་བརྒྱབ་རྒྱུར་བསམ་བློ་གཏོང་དགོས་པ་དང་། བོད་མི་ཚོས་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་ནས་ཡོད་པའི་དཔལ་ན་ལནྜའི་རིག་གཞུང་འདི་ནི་གླིང་སྤྱིའི་ཁྱད་ནོར་དང་སྤྱི་ནོར་ཡིན་པ་ཐུགས་ཉམས་མྱོང་གི་ཐོག་ནས་གསུང་ཐུབ་པ་ཞིག་ཡིན་པ་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདིར་ཆོས་རྒྱུད་མང་པོ་ཡོད་པ་དེ་དག་ཚང་མས་བྱམས་པ་དང་བརྩེ་བ་གསུང་གི་ཡོད་པ་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་ཚན་རིག་པ་དང་མཉམ་དུ་དཔུང་པ་མཉམ་ཞིབ་ཀྱིས་བགྲོ་གླེང་བྱེད་ཐུབ་མཁན་ནི་ཕལ་ཆེར་བོད་ཀྱི་ནང་པ་གཅིག་པུ་མ་གཏོགས་ཧ་ལམ་མེད་པའི་བཟོ་འདྲ་བོ་རེད། དེར་བརྟེན་དེའི་འགྲེལ་བཤད་བརྒྱག་རྒྱུ་འང་བོད་སྐད་རང་གི་ཐོག་ནས་འགྲེལ་བཤད་ཐུབ་པ་ནི། ང་ཚོའི་མི་རིགས་ཀྱི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་པ་བཀའ་གནང་འདུག
དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གང་དུའང་སྤོབས་པ་བྱེད་ཆོག་པ་དང་ངོམ་ཆོག་པ་ཅིག་ཏན་ཏན་ཡིན་ཞིང་།   སོ་སོའི་གཅེས་ནོར་དང་། འཛམ་གླིང་གི་སྤྱི་ནོར་དེར། གཞོན་སྐྱེས་སྐྱ་སེར་ཕོ་མོ་དབྱེར་མེད་ཀྱིས་ཚང་མས་ཤེས་ཡོན་གྱི་འདུ་ཤེས་ལྡན་པའི་ཐོག་ནས་ལོ་ལྔའི་ནང་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་ན།  ལོ་ལྔ་བཅུའི་རིང་ལ་རྣམ་དཔྱོད་འདོན་ཐུབ་ཀྱི་ཡོད་ཅེས་བཀའ་སྩལ་འདུག
ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཀྱི་ལྷན་ཚོགས་དེ་བཞིན་སྤྱི་༨ཚེས་༢༠ཉིན་ཡོངས་སུ་མཇུག་བསྡོམས་གྲུབ་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

མཆན། (0)
Share
དྲ་གནས་ཆ་ཚང༌།