འཛམ་གླིང་གི་ཡུལ་གྲུ་གང་སར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།

2018-07-06
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས། ༢༠༡༨།༧།༦
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས། ༢༠༡༨།༧།༦
OHHDL

བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
དེ་ཡང་སྤྱི་ཟླ་༧་པའི་ཚེས་༦་ཉིན། བཞུགས་སྒར་རྡ་རམ་སཱ་ལ་དང་། ལ་དྭགས་གཙོས་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་ཐོག་བོད་མི་དང་ནང་བའི་མི་རིགས་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། རྒྱ་གར་གྱི་ལ་དྭགས་ཁུལ་སླེ་ནང་༧གོང་ས་མཆོག་དབུ་བཞུགས་ཐོག་སྲུང་བརྩི་ཟབ་རྒྱས་གནང་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༣ བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལ་དྭགས་སླེ་བྱང་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཞི་བའི་ཚལ་ཕོ་བྲང་གི་མདུན་ཐང་དུ། སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་རིན་ཆེན་གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ཞིག་གཟེངས་རྟགས་སུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག དེ་བཞིན་འཁྲུངས་སྐར་མཛད་སྒོའི་ཐོག་ས་གནས་སློབ་ཕྲུག་ཚོས་ལ་དྭགས་བོད་ཀྱི་གཞས་སྣ་འཕྲབ་སྟོན་གཟིགས་འབུལ་ཞུས་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་བཀའ་སློབ་སྩལ་བའི་ནང་ ལ་དྭགས་གཙོས་པའི་ཧི་མ་ལ་ཡའི་རི་རྒྱུད་མི་མང་ཚོས་ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་དང་། གང་ཉིད་དང་ལ་དྭགས་མི་མང་དབར་ཐུན་མོང་མ་ཡིན་པའི་ཐུགས་འབྲེལ་ཞིག་ཡོད་པ་བཀའ་སྩལ་ནས་ད་རེས་ལ་དྭགས་མི་མང་གིས་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག་ལ་དེ་དང་ཕྱོགས་འཚུངས་༧གོང་ས་མཆོག་ནས་འཛམ་གླིང་ས་ཕྱོགས་མང་པོ་ནས་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བར་ཡང་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག
བོད་ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུ་རྒྱུར་དམ་དྲག་ནན་པོ་བྱེད་བཞིན་པར་མ་ལྟོས་པར་བོད་ནང་གི་བོད་མི་མང་པོས་བསང་གསོལ་སོགས་ཀྱི་རྣམ་པའི་ཐོག་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག

གསར་འགོད་པ་འཆི་མེད་དང་། སངས་རྒྱས་རྒྱ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།