འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེ།
2017.08.07
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུའི་ཚན་རིག་པ་དང་བོད་བརྒྱུད་ནང་བསྟན་མཁས་དབང་དབར་མཁས་པའི་བགྲོ་གླེང་ཐོག་མ་དེའི་ཐོག་ལྷན་ཞུགས་གནང་འདུག
དེ་རིང་ཕྱི་ཚེས་༧་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(Taj Mahal)་གསོལ་མགྲོན་ཁང་དུ། བོད་བརྒྱུད་ནང་བསྟན་དང་། ཨུ་རུ་སུའི་ཚན་རིག་པའི་དབར་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོའི་ཉིན་གསུམ་པའི་སྐབས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་གནང་བའི་ནང་། དེང་སྐབས་འཛམ་གླིང་ནང་མི་ཕན་ཚུན་གསོད་རེས་གཏོང་བཞིན་པའི་གནས་སྟངས་འདི་འཆར་ཅན་གྱི་གནས་སྟངས་ལྟ་བུ་ཞིག་ཆགས་པ་འདི་ནི་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན། ཕྱོགས་གཅིག་ནས་འབྱོར་ལྡན་རྣམས་ཀྱིས་མི་ཚེར་རྒྱས་སྤྲོས་ཀྱི་འཚོ་བར་རོལ་ཞིང་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་དབུལ་ཕོངས་རྣམས་ལྟོགས་ཤི་ཐེབས་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད་པ་རེད། དེར་བརྟེན་ང་ཚོས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དུས་རབས་ ༢༠ ་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཟིན་པ་རེད། ད་ཆ་ང་ཚོས་དུས་རབས་ ༢༡ ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་སྐྲུན་དགོས་ཀྱི་རེད། དེར་བརྟེན་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ང་ཚོས་གཞོན་སྐྱེས་ཚོར་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གཞི་ལ་བཞག་སྟེ་དེང་དུས་ཤེས་ཡོན་ལམ་སྲོལ་ནང་བྱམས་བརྩེ་སོགས་བཟང་པོའི་རིན་ཐང་གོང་མཐོར་གཏོང་ཐབས་བྱེད་དགོས་ཀྱི་རེད་ཅེས་དང་། དཔེར་ན་གཞི་རྩའི་ཆ་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་འདི་གཙོ་བོར་འཛིན་དགོས་པ་ལས་ཆོས་ལུགས་དང་རིགས་རུས་མི་འདྲ་བ། དེ་བཞིན་ཤ་མདོག་སོགས་མི་འདྲ་བ་བཅས་ནི་རིམ་པ་གཉིས་པའི་གནས་སྟངས་ཡིན་སྟབས་ང་ཚོ་ཕན་ཚུན་དབར་མི་མཐུན་པའི་གནས་སྟངས་ཆུང་ཙག་རིགས་ལ་དེ་ཙམ་གལ་གནད་ཆེ་བར་ལྟ་རྒྱུ་མེད་ཅེས་བཀའ་སློབ་སྩལ་བ་དང་སྦྲགས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་Tuva ་དང་། Buryat Kalmykia ་བཅས་ནང་པའི་རྒྱལ་ཁབ་དེ་དག་ནས་དེ་སྔ་ནང་པའི་མཁས་དབང་ཧ་ཅང་མང་པོ་ཐོན་ཡོད་པ་དང་། ཕྱིས་སུ་ཨུ་རུ་སུའི་ནང་དམར་ཤོག་ཤུགས་ཆེ་དར་སྲོལ་བྱུང་རྗེས་ཡུལ་གྲུ་དེ་དག་ནང་དུའང་ནང་ཆོས་ཕྲན་བུ་ཉམས་ཆག་ཕྱིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་གནང་ཡོད་པ་རེད།
ཉིན་ལྔའི་རིང་གི་མཁས་པའི་བགྲོ་གླེང་ལྷན་ཚོགས་དེ་ཕྱི་ཟླ་ ༨ ་ཚེས་ ༥ ་ཉིན་དབུ་འཛུགས་གནང་ཡོད་ཅིང་། ཉིན་དང་པོའི་སྐབས་སྔོན་འགྲོའི་ཚུལ་དུ་ཨུ་རུ་སུ་དང་ནང་པའི་མཁས་དབང་མི་གྲངས་ ༡༡ ་མཉམ་ཞུགས་གནང་འདུག སྐབས་དེར་ཚོགས་འདུའི་ཟུར་ཉན་བ་ཁྱོན་མི་གྲངས་ ༥༠ ་ཙམ་ཕེབས་ཡོད་པ་རེད་འདུག
གསར་འགོད་པ་དབྱངས་སྒྲོལ།