ཏཱ་ལའི་བླ་མ་གཞུང་ལམ་ཞེས་མིང་བསྒྱུར་རྒྱུར་གྲོང་སྡེ་ལྷན་ཚོགས་ནང་སྤྱི་མོས་བྱུང་འདུག

2019-10-02
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་(Richmond)་གྲོང་སྡེ་ལྷན་ཚོགས་ནང་། ༢༠༡༩།༡༠།༡
ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་(Richmond)་གྲོང་སྡེ་ལྷན་ཚོགས་ནང་། ༢༠༡༩།༡༠།༡
མཐུན་འགྱུར་པར་རིས།

ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་(Richmond)་གྲོང་ཁྱེར་ནང་གི་གཞུང་ལམ་ཞིག་གི་མིང་ཏཱ་ལའི་བླ་མ་གཞུང་ལམ་ཞེས་མིང་བསྒྱུར་བྱེད་རྒྱུའི་གྲོས་འཆར་གྲོང་སྡེ་ལྷན་ཚོགས་ནང་སྤྱི་མོས་བྱུང་འདུག
ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་རིཅ་མོཎྜ་(Richmond)གྲོང་ཁྱེར་ནང་བྱང་ཁེ་ལི་ཧྥོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་སྡེ་བཞི་ཕུན་ཚོགས་གླིང་ཆགས་ཡུལ་གྱི་(Huntington Ave)་གཞུང་ལམ་དེའི་མིང་(Dalai Lama Ave)་ཞེས་ཏཱ་ལའི་བླ་མ་གཞུང་ལམ་དུ་བརྗེ་བསྒྱུར་གནང་རྒྱུར་ཕྱི་ཟླ་༡༠་ཚེས་༡་ཉིན། རིཅ་མོཎྜ་གྲོང་སྡེ་ལྷན་ཚོགས་སུ་འཐུས་མི་(Eduardo Martinez)་ལགས་ཀྱིས་གྲོས་འཆར་བཏོན་གནང་སྐབས། ཁོང་གིས་གཞུང་ལམ་དེའི་གཡས་གཡོན་གྱི་མི་ཚང་དག་ལ་མཇལ་མོལ་བཀའ་འདྲི་ཞུས་དུས། མི་ཚང་གཉིས་ཀྱིས་བསམ་ཚུལ་བཟང་ངན་གང་ཡང་མེད་པ་བརྗོད་པ་ལས་དེ་མིན་ཚང་མས་རྒྱབ་སྐྱོར་གནང་ཡོད་པས། གཞུང་ལམ་དེ་བཞིན་“འཛམ་གླིང་སྟེང་གུས་བཀུར་ཆེ་ཤོས་ཞུ་སའི་སྐྱེས་བུ་ཆེན་པོ་ཏཱ་ལའི་བླ་མའི་”་མཚན་ཐོག་ཏུ་མཚན་བྱང་བསྒྱུར་རྒྱུའི་བསམ་ཚུལ་བྱུང་བ་རེད་ཅེས་གསུངས་འདུག་པར། གྲོང་སྡེ་ལྷན་ཚོགས་ཀྱི་འཐུས་མི་ཚང་མས་སྤྱི་མོས་རྒྱབ་སྐྱོར་ཞུས་ཏེ་གཏན་འབེབས་གནང་འདུག
གྲོས་འཆར་འདོན་མཁན་(Eduardo Martinez)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། འདི་ནི་བོད་མི་ཚོའི་མཉམ་རུབ་ཀྱི་ནུས་པ་ཡིན་ཞིང་། ས་གནས་བོད་མིའི་སྤྱི་ཚོགས་འདི་ནི་གྲོང་ཁྱེར་གྱི་མཛེས་རྒྱན་ཞིག་ཡིན་ཅེས་ཆེ་བསྟོད་ཞུས་གནང་གི་འདུག
གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་ཁང་དུ་བོད་རིགས་ཚོགས་པའི་ཚོགས་གཞོན་འཇམ་དབྱངས་དོན་གྲུབ་ལགས་དང་། ཚོགས་གཙོ་ཟུར་པ་བསྟན་འཛིན་རང་གྲོལ་ལགས་ཀྱིས་དབུས་ས་གནས་བོད་མི་མང་པོ་ཕེབས་ཞུགས་གནང་ཞིང་། བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་༧སྐུའི་འཁྲུངས་སྐར་དེ་བཞིན་༧གོང་ས་མཆོག་གི་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང་། བོད་མིའི་སྤྱི་ཁང་གི་གཞུང་ལམ་དེ་༧གོང་ས་ཏཱ་ལའི་བླ་མའི་གཞུང་ལམ་ཞེས་མཚན་བྱང་བསྒྱུར་བ་གཏོང་གནང་ཡོང་བའི་རེ་འདུན་ཞུས་པ་ཁག་ལ་རིཅ་མོཎྜ་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་དང་། གྲོང་སྡེ་ལྷན་ཚོགས་ཀྱིས་དོན་ཚན་གཉིས་ཀར་རྒྱབ་སྐྱོར་གནང་བར་ལེགས་བསུ་ཡང་ཞུས་འདུག
རྩ་བའི་རིཅ་མོཎྜ་གྲོང་ཁྱེར་ནང་དུ་ཁྱོན་མི་འབོར་འབུམ་གསུམ་ལྷག་ཡོད་ཅིང་། ༢༠༡༤་ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྐབས་སུ། གྲོང་ཁྱེར་ནང་ཉིན་མི་དེ་བྱམས་བརྩེའི་ཉིན་མོ་ཞེས་དང་། གསུམ་བཅུའི་དུས་དྲན་སྐབས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས། ༧སྐུའི་འཁྲུངས་སྐར་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།