༧གོང་ས་མཆོག་ལ་དྭགས་ནས་བཞུགས་སྒར་དུ་ཞབས་སོར་འཁོད་པ།

2016-08-25
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལ་དྭགས་ནས་དད་ལྡན་མི་གྲངས་ཁྲི་གསུམ་ཙམ་ལ་ཆོས་འབྲེལ་སྐབས། ༢༠༡༦།༨།༢༠
༧གོང་ས་མཆོག་གིས་ལ་དྭགས་ནས་དད་ལྡན་མི་གྲངས་ཁྲི་གསུམ་ཙམ་ལ་ཆོས་འབྲེལ་སྐབས། ༢༠༡༦།༨།༢༠
Tenzin Choejor/OHHDL

༧གོང་ས་མཆོག་གིས་ལ་དྭགས་ཀྱི་མཛད་འཕྲིན་ཁག་ལེགས་པར་འགྲུབ་རྗེས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་དྭགས་ཁུལ་གྱི་ཆོས་འབྲེལ་དང་། མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་བའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་འདི་ཟླའི་ཕྱི་ཚེས་༢༥་ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་མཆོག་འདི་ལོའི་ཕྱི་ཟླ་༧་ཚེས་༢༥་ནས་ཕྱི་ཟླ་༨་ཚེས་༢༢་བར། དུས་ཡུན་ཟླ་བ་གཅིག་ཙམ་རིང་ལ་དྭགས་རྒྱལ་ས་སླེ་ཡི་གཙོས་པའི་ཁུལ་དེའི་ས་གནས་འདྲ་མིན་ཁག་ཏུ་ཕེབས་ནས་ལ་དྭགས་ས་གནས་སེར་སྐྱ་མང་ཚོགས་དང་། ལ་དྭགས་ནང་ཡོད་པའི་བོད་མི། དེ་བཞིན་ཁ་ཆེ་སོགས་ལ་ཆོས་འབྲེལ་དང་། མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་བའི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས། ཕྱི་ཚེས་༢༥་ཡི་སྔ་དྲོ་ལ་དྭགས་རྒྱལ་ས་སླེ་ཡི་བ་ཀུ་ལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་གཙོས་པའི་གཞུང་འབྲེལ་དང་གཞུང་མིན་པའི་གནད་ཡོད་མི་སྣ་དང༌། དེ་བཞིན་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་དང༌། དེ་རྗེས་ཆིབས་འགྲོ་བརྒྱུད་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་རྡ་རམ་ས་ལའི་མང་ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག      

གསར་འགོད་པ་ངག་དབང་ཆོས་འཕེལ།

མཆན། (0)
Share
དྲ་གནས་ཆ་ཚང༌།