བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་མི་རི་ཀའི་སྲིད་འཛིན་ཞེ་དྲུག་པར་དགའ་བསུའི་འཚམས་འདྲི་གནང་།

2021-01-21
Share
བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་ཨ་མི་རི་ཀའི་སྲིད་འཛིན་ཞེ་དྲུག་པར་དགའ་བསུའི་འཚམས་འདྲི་གནང་། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་འཇཱོ་སྦཡེ་ཌེན་(Joe Biden)གཉིས་༢༠༠༣་ལོར་མཇལ་འཕྲད་སྐབས།
ICT

ཨ་མི་རི་ཀའི་སྲིད་འཛིན་ཞེ་དྲུག་པ་འཇཱོ་སྦཡེ་ཌེན་ལགས་ཀྱིས་ལས་འཁུར་དམ་འབུལ་གནང་བར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་གནང་འདུག
ཨ་མི་རི་ཀས་མང་གཙོའི་ལམ་ནས་འོས་འདེམས་བྱས་བའི་སྲིད་འཛིན་ཞེ་དྲུག་པ་འཇཱོ་སྦཡེ་ཌེན་(Joe Biden)ལགས་ཀྱིས། སྤྱི་ཟླ་༡ཚེས་༢༠ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་ལས་ཁུར་དམ་འབུལ་གནང་ནས། ཨ་རིའི་ཆབ་སྲིད་ཀྱི་འགན་དབང་དངོས་སུ་བཞེས་བར། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས། ཐུགས་དགྱེས་ཚོར་ཆེན་པོ་དང་དགའ་བསུའི་འཚམས་འདྲི་གནང་ཡོད་པ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་གསུང་ན། སྐུ་ཞབས་སྦཡེ་ཌེན་གྱིས་སྲིད་འཛིན་གྱི་ཐུགས་འགན་བཞེས་མ་ཐག་ནས། ཧྥ་རན་སིའི་རྒྱལ་སྤྱིའི་ཁོར་ཡུག་གྲོས་དོན་ནང་ཨ་མི་རི་ཀ་བསྐྱར་དུ་ཞུགས་པ་དང་། ཨ་མི་རི་ཀ་ཚུད་པའི་འཛམ་གླིང་གང་སར་ཡར་རྒྱས་རོགས་རམ་གྱི་འཆར་གཞི་མང་པོ་བཏིང་གི་ཡོད་པ་བཅས་ལ། ༧གོང་ས་མཆོག་ནས་ཡི་རང་བསྔགས་བརྗོད་གནང་གི་ཡོད་པ་མ་ཟད། ཨ་མི་རི་ཀ་ནི་འཛམ་གླིང་གི་མང་གཙོ་དང་རང་དབང་གི་མིག་དཔེ་ལྟ་ས་ཞིག་ཡིན་པས། བཀྲེས་སྐོམ་དང་ནད་ཡམས། འཚེ་བ་སོགས་འཛམ་གླིང་གི་དཀའ་ངལ་མང་པོ་སེལ་བར། ཨ་མི་རི་ཀས་རོགས་ཕན་ཐུབ་པའི་ཐུགས་རེ་ཡིད་ཆེས་གནང་གི་ཡོད་པ་དང་། སྲིད་འཛིན་ཁོང་དང་ཨ་མི་རི་ཀ་གཞུང་གིས་བོད་དོན་རྒྱབ་སྐྱོར་གནང་བཞིན་པར། ཐུགས་རྗེ་ཆེ་ཞེས་༧གོང་ས་མཆོག་ནས་བཀའ་ཕེབས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རིསི་རྣམ་གཉིས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་འཚམས་འདྲི་ཞུ་བ་དང་ཆབས་ཅིག ཨ་རིའི་གཞུང་གིས་སྔ་རྗེས་སུ་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་བོ་གནང་གི་ཡོད་པ་དང་། ལྷག་པར་ཉེ་ཆར་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་ལ་ཕབ་པ་དེ། ལག་བསྟར་ཚུལ་བཞིན་དུ་གནང་བའི་རེ་བ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་ནས། རྩ་བའི་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ཨ་རིའི་གཞུང་དམངས་གཉིས་ཀས་བོད་དོན་ཐོག་གཟིགས་ཕྱོགས་ཡག་པོ་ཡོད་ཁར། རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་ཡོད་པ་མ་ཟད། འཇཱོ་སྦཡེ་ཌེན་ལགས་སྲིད་འཛིན་ལ་ལངས་ནས་ཁྱབ་བསྒྲགས་སྐབས། ༧གོང་ས་མཆོག་ལ་མཇལ་འཕྲད་དང་བོད་དོན་རྒྱབ་སྐྱོར་གྱི་ཞལ་བཞེས་གནང་ཡོད་པ་བཞིན། དངོས་སུ་སྲིད་འཛིན་ཆགས་སྐབས་དེ་ལས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་རེ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀའི་གསར་བསྐོས་སྲིད་འཛིན་༤༦པ་འཇཱོ་སྦཡེ་ཌེན་ལགས་ནི། ཡུན་རིང་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་དང་མང་གཙོ་ཚོགས་པའི་ཚོགས་མི་ཞིག་ཡིན་ཅིང་། ཁོང་གིས་ཨ་མི་རི་ཀའི་སྲིད་འཛིན་གཞོན་པའི་གོ་གནས་ལོ་བརྒྱད་རིང་བཞེས་སྐབས་སོགས་ནས་བོད་དོན་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། བར་ལམ་ཁོང་སྲིད་འཛིན་གྱི་འོས་མིའི་འགྲན་ནང་ཞུགས་སྐབས། ཁོང་གལ་ཏེ་སྲིད་འཛིན་ཆགས་པ་ཡིན་ན། སྔར་ལམ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་ཐབས་སུ། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང་། ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་བཞག་གནང་རྒྱུ་སོགས་ཞལ་བཞེས་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།