ཐའེ་ལྦན་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་།
2012.06.28
༄༅༎ཐའེ་ལྦན་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཐའེ་ལྦན་ནང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དང་ཚོགས་པ་འདྲ་མིན་མང་པོ་ཞིག་ནས་མཉམ་རུབ་ཀྱི་ཐོག་ནས་གོ་སྒྲིག་འོག་རྒྱལ་བའི་སྐུའི་འཁྲུངས་སྐར་དུས་ཆེན་རྒྱས་པོའི་ངང་སྲུང་བརྩི་ཞུ་རྒྱུའི་ཐག་ཆོད་བྱུང་བ་ལྟར། ཉེ་ཆར་ནས་བཟུང་ཐའེ་ལྦན་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ཙམ་ནང་། ༧གོང་ས་མཆོག་གི་སྐུ་པར་དང་། རྒྱ་ཡིག་དང་དབྱིན་ཡིག་གཉིས་ཐོག་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་ཚིག་བརྗོད་བཀོད་ནས་སྤྱི་སྤྱོད་རླངས་འཁོར་རམ་བྷ་སེ་༣༠ ཙམ་རྒྱུན་དུ་གཞུང་ལམ་ནང་འགྲུལ་ཞུད་བྱེད་བཞིན་ཡོད་པ་དང་། དེ་རིང་རེས་གཟའ་ཕུར་བུའི་ཉིན་དམིགས་བསལ་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཆེད་དུ་སྤྱི་སྤྱོད་རླངས་འཁོར་གླས་ཏེ་ཉིན་ཕྱེད་རིང་རྒྱལ་ས་ཐའེ་པེ་ནང་བསྐོར་བསྐྱོད་བྱེད་ཀྱི་ཡོད་འདུག དེ་བཞིན་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་ལྟེ་གནས་ས་གནས་དང་། ཁང་རྩེགས་མཐོ་བའི་མདུན་ཐང་། སུན་ཀྲུང་ཧྲན་དྲན་གསོ་ཁང་། སྲིད་འཛིན་ཕོ་བྲང༌། ཐའེ་ལྦན་རང་དབང་ཐང་ཆེན་མདུན་ཐང་བཅས་པར་༧གོང་ས་མཆོག་གི་སྐུ་པར་མདུན་མཛད་སྒོ་དང་། སྦྱིན་བདག་རྣམས་པར་ལེན་པ་སོགས་བྱས་ནས་ཐའེ་ལྦན་ཡུལ་མི་ཙམ་མ་ཡིན་པར་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་ཚོས་ཀྱང་སྐུ་པར་ཡོད་པའི་རླང་འཁོར་མདུན་པར་རྒྱབ་པ་སོགས་ཀྱི་བོད་དོན་དྲིལ་བསྒྲགས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་རྒྱུའི་ཆ་ཤས་ཤིག་ད་རིང་ནས་འགོ་བཙུགས་ཡོད་པ་མ་ཟད་སྐབས་དེར་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་གོ་སྒྲིག་ཞུ་མཁན་དང་སྦྱིན་བདག་ཚོར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད།