བལ་ཡུལ་ནང་དམ་དྲག་གི་གནས་སྟངས་འོག་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

2020-07-06
གློག་འཕྲིན།
མཆན།
Share
པར་བཀོད།
འཁྲུངས་སྐར་ཉིན་བལ་ཡུལ་ནང་ཉེན་རྟོག་དམག་མི་འགྲེམས་འཇོག་བྱས་ཡོད་པ། ༢༠༢༠།༧།༦
འཁྲུངས་སྐར་ཉིན་བལ་ཡུལ་ནང་ཉེན་རྟོག་དམག་མི་འགྲེམས་འཇོག་བྱས་ཡོད་པ། ༢༠༢༠།༧།༦
མཐུན་འགྱུར་པར་རིས།HURON

བལ་ཡུལ་ནང་ཉེན་རྟོག་དམག་མི་མང་པོ་འགྲེམས་འཇོག་བྱས་པའི་གནས་སྟངས་འོག་བོད་མི་ཚོས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
འཛམ་གླིང་གི་ས་ཕྱོགས་གང་སར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ་ཕེབས་པའི་༧སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་ཞིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མཱན་ཌུ་དང་། གྲོང་ཁྱེར་སྤོག་ར་སོགས་ཀྱི་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་མང་ཆེ་བར་བལ་ཡུལ་གཞུང་གིས་ཉེན་རྟོག་པ་དང་དྲག་ཆས་དམག་མི་སོགས་འབོར་ཆེ་འགྲེམ་འཇོག་བྱས་བའི་གནས་སྟངས་འོག་བོད་མི་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གྱ་ལྔའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག
བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། ས་གནས་འཇོ་ལ་ཁེལ་རུམ་གདན་བཟོ་གྲྭའི་ཁུལ་དུ་ནད་ཡམས་ཁྱབ་གདལ་སྔོན་འགོག་གི་སྒྲིག་གཞི་དང་བསྟུན་ནས་མི་ཉུང་ཤས་ཤིག་འདུ་འཛོམས་ཐོག་༧སྐུའི་འཁྲུངས་སྐར་བསང་གསོལ་བཏང་བ་དང་། ཞལ་འདོན་གསུང་པའི་ལམ་ནས་སྲུང་བརྩི་ཞུས་འདུག་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་མེད་པ་རེད་འདུག བལ་ཡུལ་གཞུང་གིས་ཁྱོན་བསྡོམས་ཉེན་རྟོག་པ་ལྔ་བཅུ་ལྷག་འཇོ་ལ་ཁེལ་གཞིས་ཆགས་སུ་འགྲེམ་འཇོག་བྱས་འདུག ཉེན་རྟོག་པ་ཚོར་བོད་མི་ཚོས་དེ་རིང་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་༧སྐུའི་འཁྲུངས་སྐར་རེད། མངར་ཟས་མཆོད་ཞེས་ཁོང་ཚོར་མངར་ཟས་སྟེར་འདུག་ལ། ཉེན་རྟོག་པ་དེ་དག་གིས་ཀྱང་ཡིན་ལུགས་ལྡན་པའི་ཐོག་ནས་མངར་ཟས་དངས་ལེན་བྱས་འདུག
མཆོད་རྟེན་བྱ་རུང་ཁ་ཤོར་ཁུལ་དུ་གཞུང་འབྲེལ་གྱི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག་ཅིང་། བལ་ཡུལ་མཆོད་འཇོར་ས་གནས་ཀྱི་བདེ་དོན་ལོ་པན་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བལ་ཡུལ་གཞུང་གིས་མཆོད་རྟེན་ཁུལ་དུ་ཉེན་རྟོག་པ་འགྲེམ་འཇོགས་བྱས་མིན་མ་ལ་བལྟོས་པར་ས་གནས་བོད་མི་གནད་ཡོད་དང་། ཕྱོགས་བཞུགས་སྤྱི་འཐུས། ས་གནས་འཐུས་མི་སོགས་མཉམ་འཛོམས་ཀྱི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུས་འདུག བལ་ཡུལ་གྱི་ཉེན་རྟོག་པར་སྔོན་ཚུད་ནས་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་ཆོག་མཆན་ཡང་ཞུས་གནང་འདུག ཡིན་ཡང་ཁྱོན་བསྡོམས་ཉེན་རྟོག་པ་དྲུག་བཅུ་ཙམ་འགྲེམ་འཇོགས་བྱས་འདུག
མཆོད་རྟེན་འཕགས་པ་ཤིང་ཀུན་ཁུལ་དུ་ཤིང་སྣ་འདེབས་འཛུགས་དང་བསང་གསོལ་གྱི་མཆོད་པ་འབུལ་བའི་རྣམ་པའི་ཐོག་ནས་སྲུང་བརྩི་ཞུས་འདུག བལ་ཡུལ་གྱི་སྤོག་ར་ས་གནས་དང་དེ་མིན་གྱི་ས་གནང་མང་པོའི་ནང་། མི་དམངས་འདུ་འཛོམས་ཀྱི་རང་བཞིན་ཐོག་ནས་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་མེད་ཅིང་། དེ་ནི་གཙོ་བོ་ཏོག་དབྱིབས་རིམ་ནད་འགོས་ཁྱབ་སྔོན་འགོག་ཆེད་བལ་ཡུལ་གཞུང་གིས་འདུ་འཛོམས་བཀག་འགོག་གི་སྒྲིག་གཞིའི་རྐྱེན་པས་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།