ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་གྲྭ་ཁག་ལ་གལ་ཆེ།

2016-07-26
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་དུ་གནད་ཡོད་མི་སྣར་བཀའ་སློབ་གནང་བཞིན་པ། ༢༠༡༦།༧།༢༥
༧གོང་ས་མཆོག་གིས་ལ་དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་དུ་གནད་ཡོད་མི་སྣར་བཀའ་སློབ་གནང་བཞིན་པ། ༢༠༡༦།༧།༢༥
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་སློབ་ཚན་འཆར་གཞི་འདོན་སྤེལ་གནང་འཆར་དེ་དག་སློབ་གྲྭ་ཁག་གི་ནང་དུའང་ལག་བསྟར་བྱ་གལ་ཆེ་ལུགས་ཐུགས་འདུན་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཕྱི་ཟླ་བདུན་པའི་ཚེས་༢༥་ཉིན་རྒྱ་གར་བྱང་ཕྱོགས་འཇའ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་ལྟར། ལ་དྭགས་ཀྱི་ཕོ་བྲང་ཞི་བའི་ཚལ་དུ་ཞབས་སོར་འཁོད་མཚམས་མན་དྲལ་རྟེན་གསུམ་འདེགས་འབུལ་ཞུས་འདུག སྐབས་དེར་༧གོང་ས་མཆོག་གིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་བཅས། ཉེ་ཆར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་གནང་བའི་སྐབས་ཀྱི་མཛད་འཕྲིན་ཁོངས་སུ་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལྷན་ཚོགས་སྐབས་སུ། དེང་སྐབས་འཛམ་གླིང་ནང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་རིས་མེད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་འདུག་ཅེས་གསུངས་པའི་སྐབས་ཁོང་རྣམ་པས་དོ་སྣང་ཆེན་པོ་གནང་གི་འདུག་པས་བློ་སྟོབས་སྐྱེས་དགོས་པ་ཞིག་བྱུང་། དེ་འདྲ་ཡིན་དུས་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་སློབ་ཚན་འཆར་གཞི་སྒྲིག་ནས་ལོ་འདིའི་ལོ་མཇུག་ཙམ་ལ་སློབ་ཚན་གཏན་འབེབས་ལེགས་གྲུབ་ཟིན་རྒྱུའི་ཐུགས་རེ་གནང་གི་ཡོད་པ་དང་། གཏན་འབེབས་ཟིན་པའི་རྗེས་སློབ་ཚན་དེ་དག་རིམ་བཞིན་སློབ་གྲྭ་ཁག་གི་ནང་སློབ་ཁྲིད་བྱ་རྒྱུའི་འཆར་གཞི་ཡོད་པ་ཙམ་མ་ཟད་། ལ་དྭགས་ས་གནས་འགོ་ཁྲིད་ཚོས་ཀྱང་ལ་དྭགས་ས་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུའང་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས་པའི་རེ་འདུན་གནང་རྒྱུ་ཡིན་ཞེས་བཀའ་གནང་འདུག
༧གོང་ས་མཆོག་ལ་དྭགས་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོ། སླེ་མངའ་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇོ་ར་ངག་དབང་རིག་འཛིན། དེ་བཞིན་ལ་དྭགས་ནང་པ་དང་ཁ་ཆེའི་ཆོས་ལུགས་ཀྱི་འགོ་ཁྲིད། བོད་མིའི་གཞིས་ཆགས་ཀྱི་འབྲེལ་ཡོད་འགན་འཛིན་བཅས་ནས་ཕེབས་བསུ་དང་། ས་གནས་དང་བོད་མི། ཕྱི་རྒྱལ་མི་རིགས་སོགས་བརྒྱ་ཕྲག་འགའ་ཤས་ཀྱིས་ཕེབས་ལམ་གཡས་གཡོན་དུ་དུག་སྤོས་དང་མེ་ཏོག་ལག་ཏུ་ཐོགས་ནས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག         
༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་ཟླ་བ་གཅིག་མ་ཟིན་ཙམ་ཞིག་བཞུགས་རྒྱུན་རིང་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ནས་ཆོས་འབྲེལ་གནང་རྒྱུ་ཡིན་པས་ལས་བདུན་གཉིས་ཙམ་རིང་མཛད་འཆར་གང་ཡང་མེད་པར་སྐུ་ལྷོད་བཞུགས་གནང་རྒྱུ་ཡིན་ལུགས་བཀའ་གནང་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།