༧གོང་ས་མཆོག་ཁ་ཆེ་ཆོས་ཁང་ལ་གནས་གཟིགས་ཕེབས་པ།

2016-07-28
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་ལ་དྭགས་ནང་གི་ཁ་ཆེ་ཆོས་ཁང་ལ་གནས་གཟིགས་ཕེབས་སྐབས། ༢༠༡༦།༧།༢༧
༧གོང་ས་མཆོག་ལ་དྭགས་ནང་གི་ཁ་ཆེ་ཆོས་ཁང་ལ་གནས་གཟིགས་ཕེབས་སྐབས། ༢༠༡༦།༧།༢༧
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་རྒྱ་གར་ལ་དྭགས་ཁུལ་དུ་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་གནང་མཛད་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༢༧་ཉིན་ ལ་དྭགས་ཀྱི་རྒྱལ་ས་སླེ་རུ་རྟེན་གཞི་བྱེད་པའི་ཇོ་ཁང་དུ་གནས་གཟིགས་མཛད་པ་དང་། ༧གོང་ས་མཆོག་གིས་ཇོ་ཁང་ནང་མང་ཚོགས་ལ་བཀའ་སློབ་སྩལ་སྐབས། ལྷ་ཁང་ཟེར་དུས་ཕྱག་མཆོད་འབུལ་དང་སྨོན་ལམ་རྒྱག་ས་ཙམ་ལ་མ་བཞག་པར་ནང་ཆོས་སློབ་གཉེར་བྱེད་ས་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་པའི་གཞུང་ཆེན་དེ་དག་ལ་སློབ་གཉེར་བྱེད་སའི་བསྟི་གནས་ཁང་གི་ངོ་བོར་འགྱུར་དགོས་གལ་ཆེ་བ་དང་། ཇོ་ཁང་འདི་ཡང་ནང་ཆོས་སློབ་གཉེར་བྱེད་སའི་བསྟི་གནས་ཁང་ཞིག་ཏུ་འགྱུར་ཐབས་གནང་དགོས་པའི་བཀའ་སྩལ་གནང་འདུག
ཇོ་ཁང་ནང་ལ་དྭགས་ནང་པའི་ཚོགས་པས་ལས་བསྡོམས་སྒྲོག་སྦྱང་ཞུ་སྐབས། ཀར་སྒིལ་ས་ཁུལ་ནས་ཁ་ཆེ་བ་ཇོ་ཁང་ནང་མགྲོན་འབོད་ཀྱིས་ཆོས་ལུགས་ཕན་ཚུན་གོ་རྟོགས་སྤེལ་ཐབས་བྱས་པའི་ལས་རིམ་སྙན་སྒྲོན་ཞུས་པ་དེར་། ༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ལེགས་གསོལ་བསྔགས་བརྗོད་མཛད་པ་དང་སྦྲགས་མཚམས་རེར་ཆོས་ལུགས་དུས་ཆེན་ལ་སོགས་པའི་སྐབས་ནང་པ་དང་། ཆོས་ལུགས་གཞན་གྱི་རྗེས་འབྲང་པ། དེ་བཞིན་ཆོས་ཁས་མི་ལེན་མཁན་སོགས་ཀྱང་མགྲོན་འབོད་བྱས་ཚེ་ཆོས་ལུགས་མཐུན་འབྲེལ་ལ་ཕན་རླབས་ཡོད་པ་གསུངས་གནང་འདུག  
ཇོ་ཁང་ནང་གི་མཛད་འཆར་གྲུབ་མཚམས་༧གོང་ས་མཆོག་ནས་ཁ་ཆེའི་ཆོས་ལུགས་ཀྱི་Sunni་མཆོད་ཁང་ཞིག་དུ་གནས་གཟིགས་མཛད་དེ་ཁ་ཆེའི་དབུ་བླ་རྣམས་དང་ལྷན་སྨོན་ལམ་གསུང་འདོན་མཛད། གནས་གཟིགས་ཡོངས་སུ་ལེགས་གྲུབ་རྗེས་སླར་ཡང་༧གོང་ས་མཆོག་ནས། དེའི་ཉེ་འཁྲིས་སུ་ཆགས་པའི་ཁ་ཆེའི་ཆོས་ལུགས་ཀྱི་ཤེ་ཡ་མཆོད་ཁང་ཞིག་ཡོད་པ་དེར་གནས་གཟིགས་མཛད་པ་དང་། དེར་ཤེ་ཡ་ལྷ་ཁང་གི་མཆོད་དཔོན་མཆོག་གིས་དེང་སྐབས་འཛམ་གླིང་ནང་ཆོས་ཀྱི་མིང་ཐོག་ནས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་ནི་ཧ་ཅང་ཐབས་སྡུག་ཡིན་སྐོར་དང་། མཐའ་གཅིག་ཏུ་ནོར་བ་ཡིན་སྐོར་སྙན་སེང་ཞུས་འདུག།    
༧གོང་ས་མཆོག་ཇོ་ཁང་དུ་ཆིབས་བསྒྱུར་སྐབས་དད་ལྡན་མང་ཚོགས་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་མི་མང་སྟོང་ཕྲག་བརྒལ་བས་ཕེབས་བསུ་ཞུས་ཞིང་། སྐབས་དེར་ཧྥ་རན་སི་གྲོང་ཁྱེར་Nice་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས། ༧གོང་ས་མཆོག་ལ་འཚམས་འདྲི་ཞུ་སྐབས་༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཐོག་ནས། ཉེ་ལམ་ས་གནས་དེར་འཇིགས་སྐུལ་དྲག་སྤྱོད་པས་ཉེས་མེད་མང་ཚོགས་༨༠་ལྷག་སྡེབ་གསོད་བྱས་པའི་གནས་ཚུལ་བྱུང་བར་ཐུགས་ཕམ་ཧ་ཅང་མཛད་པ་མ་ཟད། ས་གནས་མང་ཚོགས་རྣམས་ལ་ཐུགས་གསོ་དང་སྦྲགས་གདུང་སེམས་མཉམ་བསྐྱེད་མཛད་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།