བོད་མི་ཚོས་བོད་ཀྱི་རིག་གཞུང་བདག་གཅེས་རྒྱུད་འཛིན་གནང་དགོས།


2016.12.14
༧གོང་ས་མཆོག་གིས་བྷེང་ལོར་ལ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་གནང་སྐབས། ༢༠༡༦།༡༢།༡༤ ༧གོང་ས་མཆོག་གིས་བྷེང་ལོར་ལ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་གནང་སྐབས། ༢༠༡༦།༡༢།༡༤
པདྨ་དངོས་གྲུབ།/RFA

༧གོང་ས་མཆོག་གིས་བྷེང་ལོར་ལ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་གནང་འདུག
དེ་ཡང་འདི་ཚེས་༡༤་ཉིན། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་གྱི་ཉེ་འགྲམ་ལ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དབུ་འབྱེད་དང་བཀའ་སློབ་གནང་ཡོད། སྐབས་དེར་༧གོང་ས་མཆོག་གིས། ང་ཚོ་ཐོག་མར་བཙན་བྱོལ་དུ་སླེབས་པའི་སྐབས་ང་རང་ཚོའི་ཆོས་དང་རིག་གཞུང་། ལྷག་པར་དུ་ལྟ་གྲུབ་གཏིང་ཟབ་མོ་ཡོད་བསྡད་པ་དེ་སོ་སོའི་ལུང་བའི་ནང་དཀའ་ངལ་འཕྲད་ཡོད་པ་རེད། ཚིག་དམར་བོ་ཞུས་ན་བོད་མིས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞེན་ཁོག་བྱས་ན་རྒྱ་ནག་གིས་ཁ་བྲལ་རིང་ལུགས་པར་བརྩི་བཞིན་པ་རེད། དེ་འདྲའི་གནས་སྟངས་ཆགས་ནས་ཡོད་དུས་ཕྱོགས་མང་པོ་ནས་བལྟས་ན་ང་རང་ཚོའི་ཆོས་དང་རིག་གཞུང་ཉམས་ཆག་འགྲོ་བའི་ཉེན་ཁ་ཡོད་པ་རེད། ཡིན་ན་ཡང་ད་བར་དུ་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་དམངས་ཀྱིས་སྙིང་སྟོབས་དང་སེམས་ཤུགས་གཅིག་པོས་བཟུང་བསྡད་པ་རེད། དེར་བརྟེན་བཙན་བྱོལ་རང་དབང་ལུང་བའི་ནང་ཡོད་པའི་བོད་མི་སྤྱི་དང་། ལྷག་པར་ན་གཞོན་ཚོས་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པའི་བོད་ཀྱི་རིག་གཞུང་བདག་གཅེས་རྒྱུད་འཛིན་གནང་ནས། མི་རབས་རྗེས་མ་རྣམས་སུ་རྒྱུན་སྐྱོང་དགོས་གལ་ཆེ་བ་དང་དེའི་འགན་ཡོད་པ་སོགས་ཀྱི་ལམ་སྟོན་གནང་ཡོད་པ་རེད།
འདི་ཚེས་༡༣་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པ་མཆོག་རྒྱ་གར་ལྷོ་ཕྱོགས་མེ་སོར་(Mysore)་གཙུག་ལག་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་པའི་མཛད་སྒོར་དབུ་བཞུགས་གནང་ནས། སློབ་ཕྲུག་ཁག་གཅིག་ལ་ཕྱག་འཁྱེར་གསོལ་བསྩལ་དང་འབྲེལ་བཀའ་སློབ་སྩལ་གནང་དོན། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཤིག་ཡིན་བསམ་བཞིན་ཡོད་པ་ལས་སྤྱི་ཚོགས་ནང་གོ་རིམ་མཐོ་དམན་སོགས་གལ་ཆེན་པོ་གང་ཡང་བརྩི་ཀྱི་མེད། སྤྱིར་ང་ཚོའི་དབར་རིགས་རུས་དང་གོ་ས། ཆོས་དད་ཡོད་མེད། དེ་བཞིན་རིག་གཞུང་སོགས་མི་འདྲ་བའི་ཁྱད་པར་ཡོད་ཀྱང་དེ་དག་གྲལ་རིམ་གཉིས་པ་ཆགས་ཡོད། གལ་ཆེ་ཤོས་འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མིའི་རིགས་གཅིག་པ་ཆགས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པར་བརྟེན་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་ལས་གྲོལ་ཐབས་བྱ་རྒྱུ་ནི་འཛམ་གླིང་འདིའི་ནང་མི་ཚང་མའི་གཞི་རྩའི་ཐོབ་ཐང་ཡིན། བཟང་པོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐབས་ལམ་དེ་དག་ཆོས་ཁས་ལེན་མིན་ཚང་མར་རིས་མེད་ཐོག་ནས་ཁྱབ་ཐུབ་པ་ཞིག་བྱེད་དགོས་ཀྱི་རེད་ཅེས་དང་། དེ་བཞིན་ བཟང་སྤྱོད་གོང་འཕེལ་གཏོང་ཐབས་སུ་དེང་དུས་ཚན་རིག་དང་སྲོལ་རྒྱུན་གྱི་ཤེས་བྱ་གཉིས་ཟུང་འབྲེལ་བྱེད་དགོས་པའི་བཀའ་སློབ་གནང་འདུག
ཡང་མཛད་སྒོའི་ཐོག་ཀར་ཎ་ཊ་ཀ་མངའ་སྡེའི་གཙོ་འཛིན་དང་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་Sri Vajubhai Rudabhai Vala་མཆོག་དང་། ཀར་ཎ་ཊ་ཀ་མངའ་སྡེའི་ཆེས་མཐོའི་ཤེས་ཡོན་བློན་ཆེན་སྐུ་ཞབས་Basavaraja Rayareddy་མཆོག ཉེ་བའི་རིགས་བདག་སློབ་དཔོན་Prof.K.S.Rangappa་བཅས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎