རྒྱ་གར་དང་ལྷོ་ཀོ་རི་ཡའི་ནང་གི་མི་ཤི་སྐྱོན་ཆགས་ཀྱི་དོན་རྐྱེན་ཐད་༧གོང་ས་མཆོག་གིས་ཐུགས་གསོ་མཛད་འདུག

2022.10.31
Share on WhatsApp
Share on WhatsApp
རྒྱ་གར་དང་ལྷོ་ཀོ་རི་ཡའི་ནང་གི་མི་ཤི་སྐྱོན་ཆགས་ཀྱི་དོན་རྐྱེན་ཐད་༧གོང་ས་མཆོག་གིས་ཐུགས་གསོ་མཛད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༡༠།༠༩།༢༠༢༢
OHHDL

རྒྱ་གར་ནང་ཟམ་པ་ཆད་རྡིབ་དང་ལྷོ་ཀོ་རི་ཡའི་ནང་མི་ཚོགས་འདུ་འཛོམས་ཆེ་དྲགས་ནས་རྡོག་བརྫིས་ཐེབས་པ་སོགས་ཀྱི་རྐྱེན་ངན་ཁྲོད་ཚེ་སྲོག་ཤོར་བ་ཚོའི་ཆེད་སྤྱི་ནོར་༧གོང་ས་མཆོག་གིས་ཐུགས་གསོ་མཛད་འདུག
ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱ་གར་གྱི་མངའ་སྡེ་གུཇ་རཱཏ་(Gujarat)་ཡི་མོར་བྷི་གྲོང་ཁྱེར་དུ་ཟམ་ཆེན་ཞིག་ཆད་པའི་རྐྱེན་གྱིས་མི་༡༢༠ལྷག་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་བྱུང་རྗེས། ཚེས་༣༡ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་བྷུ་པེནྡྲརཇ་ནཱི་ཀཱནྟ་པ་ཊེལ་ལགས་ཀྱི་མཚན་ཐོག་ཐུགས་གསོའི་འཚམས་འཕྲིན་ཞིག་བསྩལ་གནང་མཛད་པའི་ནང་། རྐྱེན་ངན་གོད་ཆགས་དེ་ལ་བརྟེན་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་དང་དེ་དག་གི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་མཛད་ཡོད་པ་རེད།
ཕྱི་ཚེས་ ༣༡ བར་མི་གྲངས་ ༡༢༠ འདས་གྲོངས་སུ་ཕྱིན་ཡོད་པ་ར་འཕྲོད་བྱུང་ཞིང་། ད་དུང་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་ཀ་འཕར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད། རྒྱ་གར་གྱི་དམག་དཔུང་ས་ཁུལ་དེར་ཆེད་གཏོང་གིས་ཚེ་སྲོག་མྱུར་སྐྱོབ་དང་ཕུང་པོ་འཚོལ་རྒྱུའི་ལས་དོན་སྤེལ་བཞིན་ཡོད་འདུག
རེས་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦དང་སྐར་མ་བཞི་བཅུ་ཙམ་ལ། ཟམ་ཆེན་ཆད་རྡིབ་ཀྱི་གོད་ཆག་བྱུང་སྐབས་མི་བརྒྱ་ཕྲག་འགའ་ཟམ་ཆེན་དེའི་སྟེང་ཡོད་འདུག་པ་དང་། ཟམ་ཆེན་མ་རྡིབ་པའི་སྔོན་གྱི་བརྙན་ཐུང་ཞིག་གི་ནང་མི་མང་པོ་འཚང་ཀ་ཤིག་ཤིག་གིས་ཟམ་ཆེན་དུ་འགྲོ་བཞིན་པ་དང་། ཟམ་ཆེན་གཡོ་འགུལ་བྱེད་བཞིན་པ་མཐོང་རྒྱུ་འདུག
ཡང་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་ལྷོ་ཀོ་རི་ཡའི་ནང་ཡང་(Halloween)་ཞེས་པ་ཡེ་ཤུའི་ཆོས་ལུགས་ཀྱི་ནང་ངན་ཕྱོགས་བཟློག་པའི་དུས་ཆེན་སྐབས། མང་ཚོགས་འདུ་འཛོམས་ཆེ་དྲགས་པའི་འཚང་གའི་ཁྲོད་མི་གྲངས་༡༥༠ལྷག་ཙམ་རྡོག་བརྫིས་ཐེབས་ནས་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བྱུང་བར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་མཛད་ཅིང་། བཀྲ་མི་ཤིས་པའི་དོན་རྐྱེན་དེ་རིགས་སླར་མི་ཡོང་བའི་ཆེད་དུ་ཕྱོགས་གང་ས་ནས་འབད་བརྩོན་གནང་དགོས་པའི་ལམ་སྟོན་མཛད་འདུག

གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎